ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཏོག་དབྱིབས་ནད་དུག་གིས་མི་༡༧༧༠་གྲོངས།


༄༅།། ཕྱི་ཟླ་༢་ཚེས་༡༧་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་༡༧༧༠་ཐམ་པར་འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༧༠༥༤༨་ཟིན་སོང་། ཁ་སང་ཉི་མ་གཅིག་ལ་མི་༡༠༥་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར། ཉུང་མཐར་ཡང་འཆི་སྐྱོན་བྱུང་བའི་མི་དེ་དག་གི་ཁོངས་ཀྱི་མི་༡༠༠་ཐམ་པ་ཧུ་པེ་ཞིང་ཆེན་དུ་བྱུང་ཡོད། རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༢༠༤༨་བྱུང་སོང་། ནད་པ་གསར་པ་དེ་དག་གི་གྲས་ཀྱི་མི་༡༩༣༣་ཧུ་པེ་ཞིང་ཆེན་དུ་བྱུང་ཡོད་ཅེས་བསྒྲགས། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དང་ཧུ་པེ་ཞིང་ཆེན་གྱི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོར་ནད་འགོག་གྱོན་ཆས་དང་དགོས་ངེས་ཀྱི་མཐུན་རྐྱེན་འདང་ངེས་མེད་པ། ཁོ་ཚོས་ཆུ་ཚོད་མང་པོར་ནད་པར་སྨན་བཅོས་བྱེད་དགོས་པའི་སྟབས་ཀྱིས་འཕྲོད་བསྟེན་ལས་སྣེ་༦་ལ་འཆི་སྐྱོན་དང་མི་༡༧༡༦་ལ་ཏོག་དབྱིབས་རིམས་ནད་འགོས་ཤིང་། ཕྱི་ཟླ་༢་པའི་ཚེས་༡༦་ཉིན་ཧུ་པེ་ཞིང་ཆེན་གཞུང་གིས་རིམས་ནད་གསར་པ་འདི་འགོག་ཐབས་སུ་ཞིང་ཆེན་དེའི་གྲོང་ཁྱེར་ཁག་གི་རྒྱ་ལམ་རྣམས་ཡོངས་སུ་བཀག་སྟེ་མི་མང་སྒེར་གྱི་རླངས་འཁོར་སོགས་འགྲོ་སྐྱེད་བྱེད་མི་ཆོག ཞིང་ཆེན་གཞུང་གི་ཁྲིམས་དེར་འགལ་འཛོལ་བྱེད་མཁན་བྱུང་ན་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་བསྒྲགས། འདི་དང་དུས་མཚུངས་སུ་རྒྱ་ནག་གཞུང་གིས་མང་ཚོགས་ཀྱིས་གོ་ཐོས་མ་བྱུང་སྔོན་ནས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཝུ་ཧན་གྲོང་ཁྱེར་ལ་ནད་ཡམས་གསར་པ་ཞིག་ཁྱབ་སྲིད་པའི་ཉེན་ཀ་ཡོད་པ་མཁྱེན་རྟོགས་བྱུང་ཡོད་ཅེས་བཀོད་པའི་གཏམ་བཤད་ཀྱི་ཡིག་ཆ་ཞིག་བཀྲམ།

བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༥༧་ཡོད་ཅིང་། འདི་ནི་ཉི་མ་གཅིག་གི་སྔོན་དང་བསྡུར་ན་ནད་པ་༧་མང་དུ་ཕྱིན་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གཅིག་པུར་ནད་པ་༥༢་ཡོད་པ་དེ་རྣམས་ཁྱིམ་ཚང་གསུམ་གྱི་མི་ཡིན་པར་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་འདུག ད་དུང་རྟའུ་རྫོང་གི་མི་༣༧༣་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་བཀག་ཡོད་པ་དང་རྟའུ་རྫོང་ལ་ཁྱོན་བསྡོམས་མི་གྲངས་ཁྲི་ཚོ་༦་ལྷག་ཡོད་པའི་གནས་ཚུལ་ཐོན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་ཡོད་པ་དེའི་ཁོངས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་སྟེ་ད་ལྟ་ནད་པ་༡༡་ལས་མེད་ཅིང་། མཚོ་བྱང་ཁུལ་དུ་ནད་པ་༣་ཡོད་པ་དེའི་ནང་གི་མི་༢་དྲག་སྐྱེད་བྱུང་སྟེ་ད་ལྟ་ནད་པ་༡་ལས་མེད་པའི་གནས་ཚུལ་ཐོན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༨་ཡོད་པ་དེའི་གྲས་ཀྱི་ནད་པ་༤་དྲག་སྐྱེད་བྱུང་བ་དང་ད་ལྟ་ནད་པ་༤་ལས་མེད། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་ལས་མེད་པ་དེར་སྔར་བཞིན་སྨན་བཅོས་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཕྱི་ཟླ་༢་ཚེས་༡༧་གྱི་མཚམས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༧༣་ཡོད་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་རྩད་གཅོད་བྱེད་དཀའ། དེང་སྐབས་རྟའུ་རྫོང་ལ་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་སེལ་ཐབས་སུ་བོད་པ་སྤྱི་སྒེར་གཉིས་དང་སྐྱ་སེར་ལ་དབྱེ་བ་མེད་པར་དངུལ་སྒོར་ཞལ་འདེབས་དང་ཁ་རས་ཉོ་བ། སྨན་པ་དང་སྨན་ཞབས་པ་རྣམས་དངོས་སུ་རྟའུ་རྫོང་དུ་རོགས་སྐྱོར་ལ་བསྐྱོད་ནས་བོད་པ་ཚོས་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་རྒྱུ་ཇེ་མང་དུ་ཕྱིན་འདུག

རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་གྱིས་ལོ་འདིའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་ཀྱང་ཕར་འགྱངས་བྱ་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་རྣམས་ཚོགས་འདུ་འཚོགས་ནས་ལོ་རེའི་ཚོགས་ཆེན་གཉིས་ཕར་འགྱངས་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བཀོད། ཕྱི་ཟླ་༢་པའི་ཚེས་༡༧་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིང་དང་ཀོང་ཏུང་། སི་ཁྲོན་བཅས་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་ཅེས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ། རྒྱ་ནག་རྒྱལ་ཡོངས་སུ་མི་ལ་འགོས་ནད་སྔོན་འགོག་གི་ཁ་རས་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་སུ་པེ་ཅིང་གྲོང་ཁྱེར་དུ་ཉི་མ་༦་གི་ནང་ཚུད་དུ་ཁ་རས་བཟོ་གྲྭ་གསར་པ་ཞིག་སྒོ་འབྱེད་བྱས་ཏེ་ཉི་མ་རེར་ཁ་རས་༢༥༠༠༠༠་རེ་བཟོ་ཐབས་བྱ་རྒྱུ། ཧོང་ཀོང་ས་གནས་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་རྣམས་ཁང་ཆེན་ཞིག་ལ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་ཀྱི་ཡོད་པར་ཧོང་ཀོང་བ་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་ནས་ཉི་མ་གཉིས་སོང་། ཧོང་ཀོང་བ་ཚོ་རྒྱ་ནག་ནས་བྱུང་བའི་ཚབས་ཆེའི་འགོས་ནད་དེ་མང་ཚོགས་ལ་ཁྱབ་སྲིད་པའི་འཇིགས་སྣང་གིས་མནར། མཚོན་ཆ་ཐོགས་པའི་ཧོང་ཀོང་གི་ཇག་ཚོགས་ཀྱིས་ཚོང་ཁང་ཁག་གི་གསང་སྤྱོད་ཀྱི་ཤོག་རིལ་རྣམས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཐོན། ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་རིམས་ནད་ལ་བརྟེན་ནས་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ཤོ་རྒྱན་ཁང་རྣམས་རེ་ཞིག་སྒོ་བརྒྱབ་ཀྱང་ཕྱི་ཟླ་༢་པའི་ཚེས་༢༠་ནས་ཤོ་རྒྱན་ཁང་རྣམས་བསྐྱར་དུ་སྒོ་འབྱེད་རྒྱུའི་གསལ་བསྒྲགས་སྤེལ། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་བཟོ་བ་མེད་པར་འཛམ་གླིང་ཡོངས་ཀྱི་ལས་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་ཐུག་གི་འདུག་ཟེར། བཟོ་ཚོང་ལས་ཁང་བརྒྱ་ཆ་༧༨་ལ་རྒྱ་ནག་ཏུ་ཚུགས་ཡོད་པའི་བཟོ་གྲྭ་ཁག་ལ་བཟོ་བ་མེད་པའི་དཀའ་ངལ་འཕྲད་ཡོད་སྐད། བཟོ་ཚོང་ལས་ཁང་གི་བརྒྱ་ཆ་༤༨་ཀྱིས་ལས་གྲྭ་ཁག་ཅིག་སྒོ་བརྒྱབ་ཟིན་ཡོད་ཟེར།

རྒྱ་ནག་གི་ཕྱི་ལོགས་སུ་ཧྥི་ལི་ཕིན་དང་ཧོང་ཀོང་། ཉི་ཧོང་དང་ཧྥ་རན་སི། ཐེ་ཝན་བཅས་ས་གནས་ཁག་བཞི་ལ་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཏེ་མི་༥་འདས་གྲོངས་སུ་གྱུར། རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་ཏུ་འགྲུལ་པ་༣༧༠༠་ཡོད་པ་དེའི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཕྱི་ཟླ་༢་པའི་ཚེས་༥་ནས་གྲུ་གཟིངས་དེ་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲོང་ཁྱེར་གྱི་མཚོ་ཁར་འགག གྲུ་གཟིངས་དེའི་ནང་དུ་རིམས་ནད་འགོས་པའི་ནད་པ་༩༩་ཇེ་མང་དུ་སོང་། ཉི་ཧོང་གི་འཕྲོད་བསྟེན་ལས་སྣེ་ཚོས་བཤད་པ་ལྟར་ན་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༤༥༤་ཡོད་པ་རྣམས་ཉི་ཧོང་གཞུང་གིས་ལོགས་སུ་བཀར་ནས་སྨན་བཅོས་བྱེད་ཀྱི་ཡོད་ཅིང་། གྲུ་གཟིངས་དེའི་ནང་གི་གྲུལ་པ་འགོས་ནད་ཕོག་མེད་པ་རྣམས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རང་ཡུལ་ལ་སྐྱོབ་ལེན་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་གཞུང་གིས་ཆེད་རྫོང་གནམ་གྲུ་བཏང་ནས་མི་༣༠༠་ལྷག་ཨ་མི་རི་ཀར་བླངས། ཁོ་ཚོ་ཨ་རིའི་དམག་གི་གནམ་ཐང་ཞིག་ཏུ་ལོགས་སུ་བཀར་ནས་དུས་ཡུན་བདུན་ཕྲག་གཉིས་ལ་འཇོག་འཆར་ཡོད་པར་མ་ཟད། ཉི་ཧོང་གི་མཚོ་ཁར་འགག་ཡོད་པའི་གྲུ་གཟིངས་དེའི་ནང་དུ་ཨ་རི་བ་༤༠་ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་། ཐ་ན་ཨ་རིའི་གཞུང་གིས་ཉི་ཧོང་ནས་མི་༣༠༠་ལྷག་སྐྱོབ་ལེན་བྱས་པ་དེ་ཚོར་བརྟག་དཔྱད་བྱས་པའི་རྗེས་སུ་མི་༡༤་ལ་ནད་དུག་འགོས་ཡོད་པ་གསར་དུ་རྩད་གཅོད་བྱུང་འདུག ཨོ་གླིང་གཞུང་གིས་རང་གི་སྤྱི་དམངས་༢༠༠་ལྷག་ཉི་ཧོང་གི་མཚོ་ཁ་དེར་འགག་ཡོད་པ་རྣམས་སྐྱོབ་ལེན་བྱས་ནས་ལོགས་སུ་བཀག ཨུ་རུ་སུའི་གཞུང་གིས་རང་གི་སྤྱི་དམངས་བུད་མེད་ཅིག་ལ་སྤྲོ་འཆམ་གྲུ་གཟིངས་དེའི་ནང་དུ་ཏོག་དབྱིབས་འགོས་ནད་ཕོག་འདུག་ཅེས་བསྒྲགས། པ་ཀི་སི་ཐན་གྱི་སློབ་ཕྲུག་༡༠༠་ལྷག་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་འགག་ཡོད་པ་རྣམས་རང་ཡུལ་ལ་སྐྱོབ་ལེན་བྱ་དགོས་ཞེས་སློབ་ཕྲུག་གི་ཕ་མ་ཚོས་ཀ་ར་ཆི་གྲོང་ཁྱེར་དུ་ངོ་རྒོལ་ཁྲོམ་སྐོར་བྱས་པའི་རྗེས་སུ་པ་ཀི་སི་ཐན་གཞུང་གིས་སློབ་ཕྲུག་དེ་རྣམས་སྐྱོབ་ལེན་བྱས་འདུག རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་བལ་ཡུལ་གྱི་སློབ་ཕྲུག་གཙོ་བོར་གྱུར་པའི་བལ་བོའི་སྤྱི་དམངས་༡༧༥་ཡོད་པ་རྣམས་སློབ་ཕྲུག་གི་ཕ་མ་ཚོས་རང་ཡུལ་ལ་སྐྱོབ་ལེན་བྱ་དགོས་ཞེས་ངོ་རྒོལ་བྱས་པས་བལ་ཡུལ་གཞུང་གིས་སློབ་ཕྲུག་དེ་རྣམས་རང་ཡུལ་དུ་བླངས། རྒྱ་གར་དང་བྷང་ག་ལ། སིངྒ་ལའི་གཞུང་གིས་ཀྱང་རང་གི་སྤྱི་དམངས་རྣམས་རྒྱ་ནག་གི་ཧེུ་པེ་ཞིང་ཆེན་དུ་འགག་ཡོད་པ་ཚོར་གནམ་གྲུ་བཏང་ནས་སྐྱོབ་ལེན་བྱས་འདུག

ཉེ་ཆར་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་གཞན་ཞིག་ཉི་ཧོང་དང་ཧྥི་ལི་ཕིན། ཐེ་ཝན་དང་ཨ་རིའི་གྭམ་ས་ཁུལ་བཅས་ཀྱི་མཚོ་ཁར་འབབ་སྡོད་བྱེད་དུ་བཅུག་མེད། འོན་ཀྱང་མཐའ་མཇུག་ལྷོ་ཤར་ཨེ་ཤི་ཡའི་ཁེམ་བྷོ་ཌི་ཡའི་གཞུང་གིས་རང་གི་མཚོ་ཁ་ཞིག་ལ་གྲུ་གཟིངས་དེ་འབབ་སྡོད་བྱེད་དུ་བཅུག ད་ལྟ་ཁེམ་བྷོ་ཌི་ཡའི་སྤྲོ་འཆམ་པ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་སྲིད་པའི་དོགས་པ་བྱས་ནས་སྤྲོ་འཆམ་གྲུ་གཟིངས་བཟོ་ཚོང་ཁང་དེས་ཁེམ་བྷོ་ཌི་ཡའི་འགྲུལ་པ་དེ་འཚོལ་ཞིབ་བྱེད་བཞིན་འདུག ཐེ་ཝན་ཌིའི་འཕྲོད་བསྟེན་ལས་ཁང་གིས་ཀྱང་རྒྱལ་ཁབ་དེའི་ས་ཐོག་ཏུ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་བསྒྲགས། ཐེ་ལན་ཌིར་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༥་འདུག སྤྲོ་འཆམ་གྲུ་གཟིངས་དེའི་ནང་དུ་ཨི་སི་རལ་གྱི་སྤྱི་དམངས་གསུམ་ལ་ཏོག་དབྱིབས་ནད་དུག་འགོས། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨ་རབ་ཨི་མཱི་རེ་ཌི་མཉམ་འབྲེལ་རྒྱལ་ཁབ་ལའང་ནད་པ་གསར་པ་ཞིག་བྱུང་སྟེ་ཁྱོན་བསྡོམས་རྒྱལ་ཁབ་དེར་ཏོག་དབྱིགས་རིམས་ནད་འགོས་ཡོད་པ་༩་བྱུང་། ཉི་ཧོང་གི་མཚོ་ཁར་འགག་ཡོད་པའི་སྤྲོ་འཆམ་གྲུ་གཟིངས་དེའི་ནང་དུ་ཧྥི་ལི་ཕིན་གྱི་ལས་མི་༥༣༡་ཡོད་པ་དེ་དག་གི་གྲས་ཀྱི་མི་༢༧་ལ་འགོས་ནད་ཕོག་འདུག་ཟེར། ཉི་ཧོང་གཞུང་གིས་རང་གི་སྤྱི་དམངས་རྒྱ་ནག་ལ་སྤྲོ་འཆམ་དུ་སོང་བ་དེ་དག་གིས་ཏོག་དབྱིབས་ནད་དུག་འཁྱེར་ཡོང་གི་སྲིད་པར་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་སྟེ། ཉི་ཧོང་གོང་མའི་འཁྲུངས་སྐར་དུས་ཆེན་སྐབས་སུ་མང་ཚོགས་འདུས་ནས་དགའ་སྟོན་གྱི་མཛད་སྒོ་འཚོགས་སྲོལ་ཡོད་པ་ཁག་ཀྱང་ཕྱིར་བསྡུ་བྱས་འདུག འཇར་མན་གཞུང་གིས་རང་གི་སྤྱི་དམངས་༡༠༠་ལྷག་ཉི་མ་༡༤་ལ་ཟུར་དུ་བཀག་པའི་རྗེས་སུ་ནད་རྟགས་ཅི་ཡང་མ་ཐོན་པར་རང་ཁྱིམ་སོ་སོར་ལོག་ཏུ་བཅུག་འདུག ད་ལྟ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་ཁྱབ་ན་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱ་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་ཆེན་པོ་ཡོད་ཅེས་བསྒྲགས།

XS
SM
MD
LG