ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཇ་ཚྭ་ཉོ་བའི་རྒས་ཕོགས་ཤིག་ལས་མེད་པའི་རྒྱ་ནག་གི་གྲོང་གསེབ་པ། 


༄༅།། རྒྱ་ནག་གི་གྲོང་ཁྱེར་ཁག་དང་གྲོང་གསེབ་གཉིས་ལ་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་ནི་རྒྱལ་ཁབ་མ་འདྲ་བ་གཉིས་ལྟ་བུ་ཞིག་རེད། རྒྱ་ནག་གི་གྲོང་ཁྱེར་ཁག་གི་གྲོང་མི་ཚོར་རྒས་ཕོགས་དང་སྨན་བཅོས་ཀྱི་རོགས་དངུལ་ཡོད་པ་དེའི་ཕྱེད་ཀ་ཙམ་ཡང་རྒྱ་ནག་གི་གྲོང་གསེབ་ཁག་གི་རྒན་རྒོན་ཚོར་མི་འདུག་ཅེས་དུས་ནས་དུས་སུ་གསར་འགྱུར་ཐོན། ཕྱི་ཟླ་༨་ཚེས་༢༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པ་རྒྱ་ནག་གི་ཨན་ཧུའི་དང་ཧེ་ནན། ཧུ་ནན་སོགས་ཞིང་ཆེན་འགའ་ཞིག་ལ་བསྐྱོད་ནས་གྲོང་གསེབ་ཀྱི་རྒན་རྒོན་ཚོར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་གསེབ་ཁག་གི་རྒན་རྒོན་ཕལ་ཆེ་བར་ཟླ་བ་རེར་ཨ་སྒོར་༢༠་ཐམ་པའམ། ཡང་ན་རྒྱ་ནག་གི་མི་དམངས་ཤོག་སྒོར་༡༤༠་ཡས་མས་རེའི་རྒས་ཕོགས་ལས་མེད་ཅིང་། ཧེ་ནན་ཞིང་ཆེན་གྱི་ཡཱན་ཚཱང་གྲོང་གསེབ་ཀྱི་སྡེ་དཔོན་ཁྲེན་ཡུན་ཧྥེང་གིས་རྒྱ་ནག་གི་སྤྱི་ཚོགས་སུ་ང་ཚོ་གྲོང་གསེབ་ཀྱི་རྒན་རྒོན་ཚོར་འཚོ་བའི་དཀའ་ངལ་ཡོད་པ་ནི་སྐྱི་གཡའ་བ་ཞིག་རེད། ང་ཚོ་ལོ་ན་རྒས་ཏེ་འགུལ་སྐྱོད་རྒྱག་མི་ཐུབ་པའི་མཚམས་སུ་སླེབས་ཀྱང་ས་ཞིང་བཏབ་ནས་རང་ཁ་གསོ་ཐབས་བྱ་དགོས་ཀྱི་འདུག ང་ཚོས་འདེབས་ལས་བྱེད་ཀྱི་ཡོད་པའི་ཐོན་སྐྱེད་ནི་འབྲུ་རིགས་ཡིན་པ་དང་འབྲུ་རིགས་ལ་རིན་གོང་མི་འདུག ང་ཚོར་རྒས་ཕོགས་ཟེར་པ་ནི་མིང་ཙམ་ལས་མི་འདུག ད་ལྟ་ང་ལོ་ན་ལྔ་བཅུ་ང་གྲངས་ཟད་ནས་དྲུག་ཅུའི་ནང་དུ་གོམ་པ་སྤོ་ཡི་ཡོད། ང་ལོ་༦༠་ལ་སླེབས་པའི་རྗེས་སུ་ཟླ་བ་རེར་རྒས་ཕོགས་མི་དམངས་ཤོག་སྒོར་༡༡༢་རེའམ། ཡང་ན་ཨ་སྒོར་༡༦་རེ་འཐོབ་རྒྱུ་རེད། དེའི་བར་དུ་ངས་དཀའ་ལས་བརྒྱབ་ནས་རང་ཁ་གསོ་དགོས་ཞེས་བཤད།།

དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བགྲེས་ཡོལ་ལ་ཕྱིན་པའི་རྒན་རྒོན་ཚོར་ཉུང་མཐར་ཡང་ཟླ་བ་རེར་རྒས་ཕོགས་རྒྱ་ནག་གི་མི་དམངས་ཤོག་སྒོར་༢༠༠༠་རེ་ཡོད་པ་དང་སྨན་བཅོས་ཀྱི་རོགས་དངུལ་ཡོད་པ། རྒྱ་ནག་གི་གྲོང་ཁྱེར་ཁག་གི་རྒན་རྒོན་ཚོའི་མཐུན་རྐྱེན་ནི་གྲོང་གསེབ་ཀྱི་རྒན་རྒོན་ཚོའི་ཆ་རྐྱེན་ལས་ལྡབ་འགའ་ཞིག་ཡག་ག་ཡོད་འདུག རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༠་ཙམ་འཚོ་གནས་བྱ་ཡུལ་གྲོང་གསེབ་ཁག་ཡིན་པ་དང་གྲོང་གསེབ་ཀྱི་རྒན་རྒོན་ཚོར་གྲོང་ཁྱེར་གྱི་རྒན་རྒོན་ལྟར་རྒས་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་ནི་སྤྱི་ཚོགས་འདྲ་མཉམ་མེད་པ་དང་དབུལ་ཕྱུག་དོ་མི་སྙོམས་པ། རྒྱ་ནག་གི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་མི་འབྱུང་བ་དང་དུས་དང་རྣམ་པ་ཀུན་ཏུ་དྲག་ཆས་ཉེན་རྟོག་པས་མགོ་བོ་མནན་ནས་འཇོག་མི་ཐུབ་པའི་དཀའ་ངལ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་ངེས་པར་དུ་སེལ་ཐབས་བྱ་དགོས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཚབས་ཆེན་པོ་ཞིག་ཡིན་འདུག རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དང་གཞུང་གི་ལས་བྱེད་པ། གྲོང་ཁྱེར་ཁག་གི་གྲོང་མི་ཚོར་སྔ་མོ་ནས་རྒས་ཕོགས་དང་སྨན་བཅོས་ཀྱི་རོགས་དངུལ་ཡོད་ཀྱང་༢༠༠༩་བར་དུ་རྒྱ་ནག་གི་གྲོང་གསེབ་པ་ཚོར་རྒས་ཕོགས་ཞེས་པ་ཞིག་སྤྲད་མྱོང་མེད་པ་སྟེ། ༢༠༠༩་ལོར་ཧུ་ཅིན་ཐའོ་དང་སྲིད་བློན་ཝེན་ཅ་པའོ་གཉིས་ཀྱིས་རྒྱ་ནག་གི་གྲོང་གསེབ་ཁག་གི་རྒན་རྒོན་རྣམས་ཀྱང་རྒྱལ་ཡོངས་ཀྱི་རྒས་ཕོགས་ལམ་ལུགས་ཁོངས་སུ་བཅུག འོན་ཀྱང་རྒྱ་ནག་གི་ཞིང་ཆེན་ཁག་དང་གྲོང་ཁྱེར་རིམ་པ། ས་ཁུལ་དང་རྫོང་སོ་སོར་རྒས་ཕོགས་མང་ཉུང་གི་ཁྱད་པར་ཡོད་པ་དང་གྲོང་གསེབ་པ་ཚོར་གྲོང་ཁྱེར་གྱི་རྒས་ཕོགས་ལྟར་མེད་པར་དངུལ་སྒོར་ལ་མང་ཉུང་ཡོད་པའི་གནས་སྟངས་དེར་འགྱུར་བ་གཏོང་ཐུབ་མེད་པ་རེད།།

རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་རྒྱལ་ས་ཀྲེང་ཀྲུག་གྲོང་ཁྱེར་ལ་མཚོན་ན་རྒན་རྒོན་ཚོར་ཟླ་བ་རེར་ཆ་མཉམ་གྱི་རྒས་ཕོགས་མི་དམངས་ཤོག་སྒོར་༢༤༣་རེ་ཡོད་པ་དང་གྲོང་ཁྱེར་ཁག་ཏུ་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་ནས་བགྲེས་ཡོལ་དུ་སོང་བའི་རྒན་རྒོན་ཚོར་ཟླ་བ་རེར་རྒས་ཕོགས་མི་དམངས་ཤོག་སྒོར་༢༩༢༨་འདུག དེར་བརྟེན་ས་གནས་གཅིག་ཡིན་རུང་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱི་རྒན་རྒོན་ཚོར་རྒས་ཕོགས་མང་ཉུང་གི་ཁྱད་པར་གནམ་ས་ལྟ་བུ་ཡོད་པས་རྒྱ་ནག་གི་གྲོང་གསེབ་ཁག་གི་རྒན་རྒོན་ཚོས་མུ་མཐུད་དུ་རང་གི་ངལ་རྩོལ་ལ་བརྟེན་ནས་འཚོ་བར་རོལ་དགོས་པ་དང་བུ་ཕྲུག་ལ་བརྟེན་དགོས་པ། དེ་མིན་ན་རང་གིས་གསོག་འཇོག་བྱེད་ཡོད་པའི་དངུལ་སྒོར་ལ་བརྟེན་ནས་འཚོ་བ་རོལ་དགོས་ཀྱི་འདུག གལ་སྲིད་ངལ་རྩོལ་རྒྱུག་མི་ཐུབ་པ་དང་བུ་ཕྲུག་གིས་ལྟ་རྟོག་མི་བྱེད་པ། དངུལ་སྒོར་གསོག་འཇོག་མེད་པའི་རྒྱ་ནག་གི་གྲོང་གསེབ་ཁག་གི་རྒན་རྒོན་ཚོས་རང་ཁ་གསོ་མི་ཐུབ་པར་འཁྱག་ལྟོགས་ཀྱི་དཀའ་སྡུག་མྱོང་དགོས་པའི་ཚད་དེར་ལྷུང་འདུག་ཅེས་བཀོད། ད་ལོའི་ཕྱི་ཟླ་༥་པར་རྒྱ་ནག་གི་ཧྲན་ཤཱི་ཞིང་ཆེན་གྱི་སྐྱེས་པ་ཞིག་གིས་ཡུན་རིང་ནད་གཅོང་དུ་གྱུར་པའི་ཨ་མ་རྒན་རྒོན་དེ་གསོ་མ་ཐུབ་པ་དང་སྨན་བཅོས་བྱེད་མ་ཐུབ་པ། ཨ་མ་གསོ་རྒྱུ་དང་སྨན་བཅོས་བྱ་རྒྱུའི་རྡོག་ཁྲེས་ལྕི་དྲགས་ཏེ་སྐྱེས་པ་དེས་ཨ་མ་གསོན་པར་ས་སྦས་བྱ་ཐབས་བྱས་པའི་གནས་ཚུལ་ཐོན། མཐར་ལོ་ན་༧༩་ལ་སོན་པའི་རྒན་མོ་དེ་བསྐྱབས་པ་དང་བུ་དེ་འཛིན་བཟུང་བྱས་ཀྱང་གྱོད་གཞི་དེས་མི་གཅིག་དང་ཁྱིམ་ཚང་གཅིག་གི་དཀའ་ངལ་མཚོན་པ་ཞིག་མིན། འདི་ནི་རྒྱ་ནག་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་རྒན་རྒོན་ཚོར་སྤྱི་ཡོངས་ཀྱིས་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། རྒྱ་ནག་རྒྱལ་ཡོངས་སུ་རྒན་རྒོན་ཚོར་སུས་ལྟ་རྟོག་བྱ་དགོས་པ་རེད་ཅེས་བགྲོ་གླེང་ཤུགས་ཆེན་པོ་ཞིག་འབྱུང་གི་ཡོད་པར་མ་ཟད། རྒྱ་ནག་གི་ན་གཞོན་གྲས་སུ་སྲིད་གཞུང་ལའང་རང་གི་སྤྱི་དམངས་རྒན་རྒོན་ཚོར་ལྟ་རྟོག་བྱ་དགོས་པའི་ལས་འགན་ཡོད། ཕ་མ་དང་རྒན་རྒོན་ལ་ལྟ་རྟོག་བྱ་དགོས་པའི་ལས་འགན་དེ་ཉིད་མཐའ་གཅིག་ཏུ་བུ་ཕྲུག་གིས་འཁུར་དགོས་པ་མ་རེད་ཅེས་བགྲོ་གླེང་ཤུགས་ཆེན་བྱེད་ཀྱི་འདུག

༡༩༧༩་ཡས་མས་ནས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཁྱོ་ཤུག་ཟུང་ལ་ཕྲུ་གུ་རེ་རེ་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་བཟུང་། ཉེ་བའི་ལོ་ཤས་བར་དུ་རྒྱ་ནག་གཞུང་གིས་སྐྱེས་སྒོ་བཀག་སྟེ་མི་འབོར་འཕེལ་རྒྱས་ལ་ཚོད་འཛིན་བྱུང་། དེའི་འབྲས་བུར་རྒྱ་ནག་ལ་རྒན་རྒོན་གྱི་མི་འབོར་ཇེ་མང་དང་ན་གཞོན་ལས་རྩོལ་བའི་གྲངས་འབོར་ཇེ་ཉུང་། དེང་སྐབས་རྒྱ་ནག་གི་ན་གཞོན་ཁྱོ་ཤུག་ཟུང་ལ་རྒན་རྒོན་བཞི་རེ་གསོ་རྒྱུ་ཡོད་པ་སྟེ། ཁྱོ་གའི་ཕ་མ་གཉིས་དང་ཆུང་མའི་ཕ་མ་གཉིས་བཅས་མི་བཞི་རེ་གསོ་རྒྱུ་ཡོད་པས་རྒྱ་ནག་གི་ན་གཞོན་ཚོས་ཕ་མ་རྒན་རྒོན་རྣམས་གསོ་མི་ཐུབ་པའི་དཀའ་ངལ་ལོ་རེ་བཞིན་ཇེ་ཆེར་སོང་། ད་དུང་དེའི་ཁར་ལོ་ལྟར་རྒྱ་ནག་གི་གྲོང་གསེབ་ཁག་གི་ན་གཞོན་དུང་ཕྱུར་མང་པོ་གྲོང་ཁྱེར་ཁག་ཏུ་ལས་ཀ་འཚོལ་དུ་སོང་སྟེ་ཕ་མ་རྒན་རྒོན་རྣམས་རང་ཁྱིམ་དུ་གཅིག་པུར་ལུས་པ། རྒྱ་ནག་གི་ན་གཞོན་ཁག་ཅིག་གྲོང་ཁྱེར་དུ་སླེབས་པའི་རྗེས་སུ་གྲོང་གསེབ་ཁག་ཏུ་ལུས་པའི་ཕ་མ་རྒན་རྒོན་ཚོར་འབྲེལ་བ་བཅད་ནས་ལྟ་རྟོག་མི་བྱེད་པ། ཕ་མ་ཚོར་འབྲེལ་བ་རྩ་གཅོད་མ་བྱས་ཀྱང་དངུལ་སྒོར་དུས་ཐོག་ཏུ་བསྐུར་ནས་གསོ་སྐྱོང་མི་བྱེད་པ། ཐ་ན་ཕ་མ་རྒན་རྒོན་ཚོར་གློ་བུར་དུ་ནད་མནར་བྱུང་སྟེ་འཆི་སྐྱོན་བྱུང་བའི་དུས་སུའང་བུ་ཕྲུག་རྣམས་འཁྲིས་སུ་མེད་པར་ཁེར་རྐྱང་དུ་འཆི་དགོས་པ། རྒྱ་ནག་གི་རྒན་རྒོན་ཕལ་ཆེ་བ་རྒས་པའི་དུས་སུ་བུ་ཕྲུག་འཁྲིས་སུ་མེད་པ་དང་འཆི་བའི་དུས་སུ་ཁ་ལ་ཆུ་གང་ལྡུད་མཁན་མེད་པའི་དཀའ་ངལ་གཅིག་མཚུངས་ཤིག་མྱོང་དགོས་ཐུག་གི་ཡོད་པ་རེད།།

ཉེ་ཆར་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་ཚོད་དཔག་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ༢༠༢༥་ནས་ཆ་མཉམ་རྒྱ་ནག་གི་གྲོང་གསེབ་ཁག་གི་མི་བཞི་རེའི་གྲས་ཀྱི་མི་གཅིག་རེ་ལོ་ན་༦༠་ཡན་ཆད་ལ་སླེབས་ཀྱི་འདུག རྒྱ་ནག་གི་གྲོང་གསེབ་གཅིག་པུར་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་གྲངས་༡༢༤༠༠༠༠༠༠་ལྷག་འབྱུང་རྒྱུ་དང་དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་མི་གྲངས་ལྟ་བུ་ཞིག་རེད་ཅེས་བསྒྲགས། ད་ལྟ་རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་འགྲོ་མི་ཐུབ་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཟང་པོ་མེད་པ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དགོས་པའི་གླེང་སློང་ཤུགས་ཆེན་འབྱུང་གི་ཡོད་པ། རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ལྷག་ཡོད་པར་སྲིད་གཞུང་གིས་རྒས་ཕོགས་སྤྲད་ནས་གསོ་མི་ཐུབ་པའི་དཀའ་ངལ་ཇེ་ཆེ། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་དབུལ་ཕྱུག་གི་ཁྱད་པར་ཡོད་པ་དང་མི་དམངས་ལ་ཐོབ་ཐང་འདྲ་མཉམ་མེད་པ་ནི་དུས་ཚོད་བཀག་པའི་འབར་མདེལ་ལྟ་བུ་ཞིག་རེད། ནམ་ཞིག་རྒྱ་ནག་གི་གྲོང་གསེབ་པ་ཚོ་འུ་ཐུག་སྟེ་སྲིད་གཞུང་ལ་གྱེན་ལོག་བྱས་ནས་གུང་ཁྲན་ཏང་གི་སྲིད་དབང་མགོ་རྟིང་སློག་ཤས་ཆེ་ཞེས་ཉེན་བརྡ་བཏང་ཞིང་། དཔེར་ན་རྒྱ་ནག་གི་ཉམས་ཞིབ་པ་མ་ཝེན་ཧྥེང་གིས་གྲོང་གསེབ་པ་ཚོས་ཀྱང་རྒྱལ་ཁབ་ཡར་རྒྱས་དང་འཛུགས་སྐྲུན་བྱས་ནས་ལེགས་སྐྱེས་འདྲ་འདྲ་ཕུལ་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀར་གཅིག་གྱུར་གྱི་རྒས་ཕོགས་ལམ་ལུགས་ཤིག་གསར་གཏོད་བྱེད་ཀྱི་མེད་པ་དེས་རྒྱ་ནག་ལ་གཅིག་གྱུར་གྱི་ལོངས་སྤྱོད་ཁྲོམ་ར་ཞིག་གསར་གཏོད་བྱ་རྒྱུ་དེར་འགོག་རྐྱེན་ཐེབས་ཀྱི་འདུག རྒྱ་ནག་ལ་གཅིག་གྱུར་གྱི་ལོངས་སྤྱོད་ཁྲོམ་ར་ཞིག་དར་དགོས་ན་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་རྒས་ཕོགས་ཀྱི་ལམ་ལུགས་འདྲ་མཉམ་ཞིག་འཛུགས་དགོས། གྲོང་ཁྱེར་གྱི་རྒན་རྒོན་ཚོར་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་ཡོད་པ་ལྟར་རྒྱ་ནག་གི་གྲོང་གསེབ་པའི་རྒན་རྒོན་ཚོ་ལའང་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་ཞིག་ཡོད་དགོས། རྒྱ་ནག་གི་མི་འབོར་བརྒྱ་ཆ་༤༠་ལྷག་གིས་རང་གི་ཡོང་འབབ་རྣམས་ཁྲག་གསོག་རྣག་གསོག་བྱས་ནས་གཞུག་ལ་བསམ་བློ་གཏོང་གི་འདུག དེ་ལྟར་བྱས་ན་རྒྱ་ནག་ལ་ནམ་ཡང་ལོངས་སྤྱོད་ཀྱི་ཁྲོམ་ར་ཞིག་དར་སྤེལ་གཏོང་མི་ཐུབ་ཅེས་བཤད་དོ།།

XS
SM
MD
LG