ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷར་ཀི་ན་ཧྥ་སོས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ།


ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་བྷར་ཀི་ན་ཧྥ་སོའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་དེར་སླར་ཡང་རྒྱལ་ཁ་ཆེན་པོ་ཞིག་ཐོབ། ཕྱི་ཟླ་༥་ཚེས་༢༤་ཉིན་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་བྷར་ཀི་ན་ཧྥ་སོས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༨་ལས་ལྷག་མེད་པ་རེད།།

ཟླ་བ་འདིའི་མགོ་སྟོད་དུ་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་བཙུགས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཚཱེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་ཐེ་ཝན་གཞུང་དང་ཕྱི་སྲིད་ལྷན་ཁང་གཉིས་ལ་འདྲི་ཞིབ་ནན་པོ་བྱས་ནས་ཐེ་ཝན་གཞུང་གིས་ཌོ་མི་ཎི་ཁན་སྤྱི་མཐུན་རྒྱལ་ཁབ་ལ་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་ཐུབ་པའི་འབད་བཙོན་བྱས་མིན་སོགས་ལ་ཉན་ཞིབ་བྱས་འདུག་པར་མ་ཟད། ད་ལྟ་བྷར་ཀི་ན་ཧྥ་སོའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྒྱུ་རྐྱེན་ཅི་ཡིན་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་གྲོས་ཚོགས་ལ་སྙན་སེང་ཞུས་པའི་གནས་ཚུལ་ཐོན་འདུག ཟླ་ཤས་གོང་དེར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་སྲིད་པའི་གནས་ཚུལ་ཐོན་མོད། འོན་ཀྱང་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་གཉིས་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་ལ་གྲོས་འཆམ་བྱུང་མེད་པས་ཐེ་ཝན་དང་གདན་ས་ཝྭེ་ཊི་ཁན་གྱི་ཕྱི་འབྲེལ་ལ་རེ་ཞིག་འགྱུར་བ་མེད་པར་བརྟན་པོ་ཡིན་རུང་། ཐེ་ཝན་གྱི་གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཚོས་རྟག་ཏུ་གཞུང་འཛིན་ཚོགས་པ་མིན་ཅིན་ཏང་གིས་ཐེ་ཝན་གྱི་ཕྱི་སྲིད་འཛིན་ཕྱོགས་ལ་འཐུས་ཤོར་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་སྲོལ་ཡོད་པ་རེད།།

སྤྱིར་ཐེ་ཝན་དང་རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀ ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་དང་སྤྱི་ཚོགས་ཕན་བདེའི་ལས་འཆར་གཉེར་ནས་འབྲེལ་ཡོད་རྒྱལ་ཁབ་དེ་དག་ལ་ཕྱི་འབྲེལ་འཛུགས་སྲོལ་ཡོད་ཀྱང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་དང་ཐེ་ཝན་གཉིས་ཀས་དཔལ་འབྱོར་འགྲོ་གྲོན་བཏང་ནས་ཕྱི་འབྲེལ་འཛུགས་རྒྱུ་མཚམས་བཞག་ཅིང་། མ་དབྱིན་ཇུག་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པར་ཁས་བླངས་ཀྱང་རྒྱ་ནག་གཅིག་ཟེར་པ་དེ་པེ་ཅིང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས་སམ། ཡང་ན་༡༩༤༩་ལོར་ཐེ་ཝན་ལ་བཙན་བྱོལ་དུ་ཡོང་ནས་གཞིས་ཚུགས་པའི་ཀྲུང་ཧྭ་མིན་གོ་ལ་དགོས་མིན་རྩོད་པ་ཡོད་པ་མ་དོར་ཀྱང་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཞི་འཇམ་ཞིག་བྱུང་ཡོད། ༢༠༡༦་གི་སྲིད་འཛིན་འོས་འདེམས་སྐབས་སུ་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚཱེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ནས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་མ་བྱས་པར་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་འདུག

རྒྱ་ནག་གཞུང་གིས་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་ཞེས་ལངས་ཕྱོགས་མཁྲེགས་འཛིན་བྱེད་ཀྱི་ཡོད་ཀྱང་མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་མཚོ་གླིང་གི་མི་འབོར་རྒྱ་ཆེན་པོ་ཞིག་གིས་རང་ཉིད་རྒྱ་མི་རིགས་མིན། ང་ཚོ་ཐེ་ཝན་པ་ཡིན་ཞེས་མི་རིགས་ཐ་དད་ཀྱི་འདུ་ཤེས་ཤིག་འཆང་ནས་ཐེ་ཝན་དང་རྒྱ་ནག་གཉིས་ལ་འབྲེལ་བ་མེད་པ། ཐེ་ཝན་ལ་གོ་མིན་ཏང་གིས་དབང་སྒྱུར་དུས་ནས་ཀྲུང་ཧྭ་མིན་གོ་ཞེས་མིང་ཞིག་བཏགས་པ་འོས་འཚམ་ཞིག་མིན། ཐེ་ཝན་ལ་ཐེ་ཝན་ཞེས་རང་གི་མིང་ཞིག་ཡོད་པ་དེས་མ་ཆོག་པ་མེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་དང་དམག་གི་སྟོབས་ཤུགས་བཅས་ཞི་དྲག་གཉིས་ཐད་ནས་ཐེ་ཝན་ལ་གནོན་ཤུགས་སྤྲད་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད།།

XS
SM
MD
LG