ངོ་འཕྲད་བདེ་བའི་དྲ་འབྲེལ།


དབྱིན་ཇིའི་མངའ་ཁོངས་སུ་ཡོད་པའི་སི་ཀོ་ཊི་ལན་ཌི་ས་གནས་དེ་རང་བཙན་བྱ་དགོས་མིན་མང་འོས་འདེམས་བྱས་པ་དང་། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༥་ཙམ་གྱིས་ས་གནས་དེ་རང་བཙན་བྱ་དགོས་ཞེས་འོས་ཤོག་འཕངས་ཀྱང་། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༥་ཙམ་གྱིས་ས་གནས་དེ་སྔར་བཞིན་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱ་དགོས་ཞེས་འོས་ཤོག་འཕངས་ཡོད་པས། དབྱིན་ཇིའི་སྲིད་བློན་ཌི་ཧྦི་ཌི་ཁེམ་རུན་གྱིས་ཐེངས་འདིའི་འོས་ཤོག་གི་གྲུབ་འབྲས་ལ་རྩོད་པ་མེད་པར་གསལ་བོ་བྱུང་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་མེད་པ་དང་བསྐྱར་དུ་འོས་འདེམས་བྱ་དགོས་པ་ཞིག་བྱུང་མེད། ང་ཚོས་སི་ཀོ་ཊི་ལན་ཌིའི་རྒྱ་ཆེའི་མང་ཚོགས་ལ་མངོན་འདོད་ཅི་ཡོད་ཤེས་རྟོགས་བྱུང་སོང་། སི་ཀོ་ཊི་ལན་ཌིའི་མི་མང་གིས་ས་གནས་དེའི་གྲོས་ཚོགས་ལ་སྔར་ལས་ལྷག་པའི་དབང་ཚད་ཆེན་པོ་དགོས་པ་མ་ཟད། ས་གནས་དེར་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གཞུང་གི་སྟོབས་འབྱོར་སོགས་ཀྱི་རྒྱབ་སྐྱོར་འཐོབ་དགོས་པའི་འོས་ཤོག་འཕངས་པ་རེད། དེར་བརྟེན་ངས་སི་ཀོ་ཊི་ལན་ཌིའི་མི་མང་གིས་རང་བཙན་མི་དགོས་ཞེས་འོས་ཤོག་འཕངས་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོ་རྒྱལ་ཕྲན་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱས་ན་དགེ་མཚན་ཡོད་པ་མི་དམངས་ལ་ར་སྤྲོད་བྱུང་བ་རེད་ཅེས་བརྗོད་ཡོད།

ད་དུང་སྲིད་བློན་ཁེམ་རུན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། མང་མོས་འོས་འདེམས་མ་བྱས་གོང་དེར་དབྱིན་ཇིའི་སྲིད་དོན་ཚོགས་པ་ཆེ་ཁག་གསུམ་གྱིས་སི་ཀོ་ཊི་ལན་ཌིའི་མི་དམངས་ལ་དབྱིན་ཇིའི་གཞུང་གིས་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་དང་། སི་ཀོ་ཊི་ལན་ཌིའི་ས་གནས་གཞུང་ལ་དཔྱ་ཁྲལ་བསྡུ་ཕྱོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་རྣམས་ཁ་དན་ཚིག་ལ་གནས་ཡོད་ཅེས་བསྐྱར་ཟློས་བྱས་འདུག སི་ཀོ་ཊི་ལན་ཌི་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཨ་ལིཀ་སི་སེལ་མན་ཌེས་ཀྱང་རང་བཙན་ཤོག་ཁག་ལ་ཕམ་ཉེས་བྱུང་བ་ངོས་ལེན་བྱས་ཏེ། ཁོང་གིས་ང་ཚོས་འོས་འདེམས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་བྱ་དགོས། ཡིན་ནའང་སི་ཀོ་ཊི་ལན་ཌིའི་མི་མང་ས་ཡ་༡་དང་འབུམ་༦་ལྷག་གིས་རང་བཙན་ཕྱོགས་སུ་འོས་ཤོག་འཕངས་ཡོད། དེར་བརྟེན་དབྱིན་ཇིའི་གཞུང་གིས་སི་ཀོ་ཊི་ལན་ཌི་ལ་ས་གནས་རང་སྐྱོང་གི་དབང་ཚད་ཆེན་པོ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་མྱུར་དུ་ལག་ལེན་བསྟར་དགོས་ཞེས་དྲན་སྐུལ་བྱས་འདུག

ང་ཚོ་རྒྱལ་ཁབ་ཅིག་གི་ངོས་ནས་མང་མོས་འོས་འདེམས་བརྒྱུད་དེ་སི་ཀོ་ཊི་ལན་ཌིའི་གནད་དོན་ཐག་གཅོད་བྱས་པ་གནད་དོན་འདི་གལ་ཆེན་ཡིན་པ་མཚོན་ཡོད། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༨༦་ཐེངས་འདིའི་འོས་འདེམས་ལ་མཉམ་ཞུགས་བྱས་པ་དེ་ནི། དམངས་གཙོའི་ལམ་ལུགས་ནང་གི་མང་མོས་འོས་འདེམས་ཤིག་ལ་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་འོས་འདེམས་ཤིག་ཡིན་པ་དང་། ད་ཐེངས་ཀྱི་རྒྱལ་ཁ་འདི་དམངས་གཙོ་ལ་རྒྱལ་ཁ་ཐོབ་པ་དང་འོས་འདེམས་ལ་མཉམ་ཞུགས་བྱེད་མཁན་ཚོར་རྒྱལ་ཁ་ཐོབ་པ་ཞིག་ཡིན་ཞེས་བརྗོད་ཡོད།

ད་ལྟ་སི་ཀོ་ཊི་ལན་ཌིའི་རང་བཙན་ཤོག་ཁག་དང་མཉམ་གནས་ཤོག་ཁག་གཉིས་ཀས་རང་གི་སི་ཀོ་ཊི་ལན་ཌིའི་མདུན་ལམ་ལ་བསམ་བློ་བཏང་སྟེ། ས་གནས་དེའི་མི་དམངས་རྣམས་བསྐྱར་དུ་འཆམ་མཐུན་ཡོང་རྒྱུ་དང་། ཁོ་ཚོས་སྔར་བཞིན་མཛའ་མཐུན་གྱི་འཚོ་བ་ཞིག་རོལ་དགོས་ཞེས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སོགས་ལ་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG