ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིརྟི་དགོན་པའི་དགེ་འདུན་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་སྲེག་ངོ་རྒོལ།


ཚེས་༡༦ཉིན་གྱི་དགོང་དྲོ་ཆུ་ཚོད་ ༥ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་དགུང་གྲངས་༢༠ལ་ཕེབས་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ནས་རྔ་པ་རྫོང་མཁར་གྱི་སྟོད་ཕྱོགས་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་ཡར་གོམ་བགྲོད་བྱེད་བཞིན་པའི་སྐབས་དེར་ཁོང་གི་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས་ཁོང་མར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་འདུག་ཀྱང་སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་པ་དང་།

དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་འདུག རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་ནས་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ཏེ་སྐྱོད་སྐབས་ཀྱང་ལག་པ་གནམ་ལ་བཀྱགས་ནས་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་མཁན་བྱུང་འདུག་པས་སྐབས་དེར་ཁོང་གྲོངས་མེད་པ་གསལ་པོ་ཤེས་རྟོགས་བྱུང་།

འོན་ཀྱང་ཁོང་གིས་སྐབས་དེ་དུས་འབོད་ཚིག་གང་སྒྲོག་ཡོད་མེད་ཤེས་རྟོགས་མ་བྱུང་། ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་གི་ཡིན་ཞིང་། སྤུན་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག

ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་རྗེས་སུ་ཕྱི་ལོ་

༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་། གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག

དེ་རིང་སྔ་དྲོ་ནས་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག

སྤྱི་ལོ་༢༠༠༩ལོ་ནས་བཟུང་ཉེ་བའི་ལོ་ཤས་བོད་བོད་ནང་གི་བོད་མི་༢༩ཡིས་རང་ལུས་མེར་བསྲེགས་བཏང་བའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

XS
SM
MD
LG