ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་རྒྱལ་ཡོངས་སུ་སྤྱི་ཚོགས་རྒྱང་བཀྱེད་ལག་ལེན་བསྟར་དགོས།


༄༅།། ཕྱི་ཟླ་༤་པའི་ཚེས་༣་གྱི་ཉིན་གུང་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༦༠༦༩་ལ་འཆི་སྐྱོན་དང་མི་༢༤༥༦༥༨་ལ་ནད་དུག་འགོས་ཀྱང་ཨ་རིའི་དབུས་གཞུང་གིས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་གྱི་བཀའ་རྒྱ་གཏོང་ཐུབ་ཀྱི་མེད་ཅིང་། རེས་གཟའ་ཕུར་བུའི་དགོང་མོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀའི་ཆམ་རིམས་དང་ནད་རིགས་བཀག་སྡོམ་ཁང་གི་འགན་འཛིན་སྨན་པ་ཨན་ཐོ་ཎི་ཧྥོ་ཆི་ལ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་ཛ་དྲག་དང་ཨ་རིའི་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྟེ་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་མིན། ཨ་མི་རི་ཀའི་མངའ་སྡེ་ཁག་ལྟ་ཚུལ་དང་ལངས་ཕྱོགས་གཅིག་གྱུར་ཡིན་མིན་སོགས་ལབཅར་འདྲི་ཞུས། སྨན་པ་ཧྥོ་ཆིས་ཨ་རིའི་རྒྱལ་ཡོངས་ལ་འགྲོ་འོང་བཀག་ནས་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་ཏེ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་གཏོང་གི་མེད་པའི་རྒྱུ་མཚན་ཅི་ཡིན་ངས་ཤེས་ཀྱི་མི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྟེ་མངའ་སྡེ་དང་ས་གནས་ཁག་གི་ཐོབ་ཐང་ལ་རྡོག་བརྫིས་གཏོང་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་འདུག ཨ་རིའི་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་བྱེད་མི་ཐུབ་པའི་འགག་རྩ་ནི་རྟག་ཏུ་དབས་གཞུང་གི་དབང་ཚད་དང་མངའ་སྡེ་ཁག་གི་ཐོབ་ཐང་ཞེས་པའི་རྩ་དོན་དེར་ཐུག་ཡོད་པ་རེདད་ལྟ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་སྟངས་ལ་གཞིགས་ན་རྒྱལ་ཡོངས་སུ་གཅིག་གྱུར་གྱིས་འགྲོ་འོང་བཀག་སྡོམ་མ་བྱས་ཐབས་མེད་དུ་གྱུར་འདུག ང་ཚོས་ངེས་པར་དུ་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་དང་སྤྱི་ཚོགས་རྒྱང་བཀྱེད་བྱེད་དུ་འཇུགདགོས་ཀྱི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

ཨ་མི་རི་ཀའི་ནེའུ་ཡོཀ་དང་ཧྥུ་ལོ་རི་ཌ། མཱི་ཤཱི་གྷན་དང་ལུ་ཝི་སི་ཡ་ན་སོགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་པའི་མངའ་སྡེ་ཁག་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་གྱི་བཀའ་རྒྱ་གཏོང་དགོས། ཨ་རི་རྒྱལ་ཡོངས་ལ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལག་ལེན་མ་བསྟར་པར་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་ནམ་ཡང་འགོག་ཐབས་བྲལ། སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་འཇོན་ཐང་མི་འདུག་ཅེས་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཀྱང་ཨ་མི་རི་ཀའི་མངའ་སྡེ་འགའ་ཞིག་གིས་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་རྒྱ་ལག་ལེན་བསྟར་གྱི་མེད་པར་མ་ཟད། ཨ་རིའི་དབུས་གཞུང་གི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་ལས་སྣེ་ཚོས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༠༠༠༠༠་ནས་མི་༢༤༠༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་འབྱུང་སྲིད་པའི་ཉེན་ཁ་འདུག ཨ་རིའི་མངའ་སྡེ་ཁག་གིས་ཅིས་ཀྱང་དབུས་གཞུང་གི་རེ་སྐུལ་ལམ་སྟོན་ལ་དོ་སྣང་བྱ་དགོས་ཞེས་འབོད་སྐུལ་ཞུས་ཀྱང་མངའ་སྡེ་འགའ་ཞིག་གིས་སྣང་འཇོག་བྱེད་ཀྱི་མེད་ཅིངཨ་རིའི་དབུས་གཞུང་གི་ལས་སྣེ་ཚོས་མངའ་སྡེ་ཁག་གི་ཐོབ་ཐང་དང་དབང་ཚད་ལ་རྡོག་བརྫིས་གཏོང་ཆོག་གི་མེད་པས་ཨ་རི་རྒྱལ་ཡོངས་སུ་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་ཏེ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་ཐུབ་ཀྱི་མེད་པ་རེད།


ད་ལྟའི་བར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་མངའ་སྡེ་གཞུང་དང་ས་གནས་སྲིད་གཞུང་ཁག་ལ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས་པའི་སྐུལ་ལྕག་བཏང་ཞིང་། ཨ་རིའི་སྲིད་འཛིན་ལ་ཛ་དྲག་དང་དམག་འཁྲུག་གི་དུས་སུ་ལག་ལེན་བསྟར་ཆོག་པའི་དམིགས་བསལ་གྱི་དབང་ཚད་ཡོད་པ་ལག་ལེན་བསྟར་གྱི་མེད་མོད། འོན་ཀྱང་ཉེ་དུས་ཤིག་ནས་ཨ་མི་རི་ཀ་བ་ཇི་སྙེད་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཛ་དྲག་གི་དུས་སུ་ལག་ལེན་བསྟར་ཆོག་པའི་དམིགས་བསལ་གྱི་དབང་ཚད་རྣམས་ལག་ལེན་བསྟར་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཐབས་ཇུས་དང་འཇོན་ཐང་། ཁོ་པ་ལོ་འདིའི་སྲིད་འཛིན་འོས་འདེམས་དུས་སུ་བསྐྱར་དུ་རང་ཉིད་འདེམས་ཐོན་ཡོང་རྒྱུ་འབའ་ཞིག་ལ་བསམ་བློ་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་སོང་ཨ་རིའི་དབུས་གཞུང་གིས་རྒྱལ་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཐུབ་ཀྱི་མེད་པའི་རྐྱེན་གྱིས་ཨ་མི་རི་ཀར་ཉིན་ལྟར་ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་ཨ་རིའི་འཕྲོད་བསྟེན་སྤྱི་ཁྱབ་ཀྱིས་ཨ་མི་རི་ཀར་མནའ་འབྲེལ་རིང་ལུགས་ཀྱི་ལམ་ལུགས་ཤིག་ཚུགས་ཡོད། མངའ་སྡེ་ཁག་གི་སྤྱི་ཁྱབ་ཚོས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་མིན་ཐག་གཅོད་བྱ་དགོས། ང་ཚོས་མངའ་སྡེ་སྤྱི་ཁྱབ་ཁག་ལ་ལམ་སྟོན་གང་ལེགས་ཤིག་བྱེད་ཐུབ། ལམ་སྟོན་དེ་རྣམས་ལག་ལེན་བསྟར་རྒྱུ་ཡིན་མིན་ནི་མངའ་སྡེ་ཁག་གི་སྤྱི་ཁྱབ་ཚོའི་དབང་ཚད་རེད་ཅེས་བཤད།

ཨ་མི་རི་ཀའི་ཆམ་རིམས་དང་ནད་རིགས་བཀག་སྡོམ་ཁང་གི་འགན་འཛིན་སྨན་པ་ཨན་ཐོ་ཎི་ཧྥོ་ཆིས་དབུས་གཞུང་གིས་མངའ་སྡེ་ཁག་ལ་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་ཏེ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལག་ལེན་བསྟར་དུ་འཇུག་དགོས། ཨ་མི་རི་ཀ་གཅིག་པུས་དབུས་གཞུང་གི་དབང་ཚད་དང་མངའ་སྡེ་ཁག་གི་ཐོབ་ཐང་ཞེས་རྩོད་པ་བརྒྱབ་ནས་བསྡད་འདུག ད་ལྟ་ཨ་མི་རི་ཀ་འཛམ་གླིང་གི་ཀུན་ཁྱབ་རིམས་ནད་ཀྱི་ལྟེ་གནས་སུ་གྱུར་ཡོད་པས་ཛ་དྲག་གི་དུས་ལ་སླེབས་འདུག་ཅེས་རྩོད་པ་བརྒྱབ། ལོ་ན་༧༩་ལ་སོན་པའི་སྨན་པ་ཧྥོ་ཆིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་འགྲོ་བཞིན་ཡོད་པ་གླེང་སློང་བྱ་རྒྱུ་མཚམས་འཇོག་གི་མེད་པ་དང་། མི་ཁག་ཅིག་གིས་སྨན་པ་ཧྥོ་ཆིས་དཀྲོག་གཏམ་སྒྲོགས་ཀྱི་འདུག ཁོ་པ་གསོད་དགོས་ཀྱི་འདུག་ཅེས་སྡིགས་ར་བསྐུལ། དེ་ནས་ཨ་རིའི་གཞུང་གིས་ཉིན་མཚན་མེད་པར་སྨན་པ་ཧྥོ་ཆི་ཚང་གི་ཁང་པའི་མཐའ་འཁོར་དུ་ཉེན་རྟོག་པ་བཀྲམ་པ་དང་སྨན་པ་ཧྥོ་ཆིའི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་འདུག ཁོང་གིས་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་ངོས་ཟིན་པ་དང་ཨ་མི་རི་ཀ་བ་ཚོས་གཟབ་ནན་བྱ་དགོས། ཨ་རིའི་གཞུང་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་ལ་སྣང་ཆུང་གཏོང་མི་ཉན་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་མོས་ཐོབ། སྨན་པ་ཧྥོ་ཆིའི་ཆུང་མའི་རང་གི་ཁྱ་གར་བཟའ་བཏུང་གི་དུས་ཚོད་ཀྱང་མི་འདུག ལོ་ན་༨༠་ཐམ་པར་སོན་གྲབས་ཡོད་པའི་རྒད་པོ་ཞིག་གིས་ཉིན་མཚན་དུས་དྲུག་ལ་ལས་དོན་བསྒྲུབ་དགོས་ན་ལུས་པོས་བརྟན་ས་མ་རེད་ཅེས་བཤད།།

ད་ལོའི་ཕྱི་ཟླ་༣་པ་གཅིག་པུར་ཨ་མི་རི་ཀར་ཏོ་དབྱིབས་ནད་དུག་གི་རྐྱེན་གྱིས་མི་༧༠༡༠༠༠་གྱི་ལས་ཀ་ཤོར། ཕྱི་ཟླ་༤་པའི་ཚེས་༣་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་བརྒྱ་ཆ་༡༣་ལ་སླེབས་འདུག འདི་ནི་དུས་རབས་སྔོན་མའི་མགོ་སྟོད་དེར་ཨ་མི་རི་ཀར་དཀའ་ཚེགས་ཆེན་མོ་ཞེས་དཔལ་འབྱོར་ཉམས་རྒུད་དང་མི་དམངས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་ཞིག་ཕྲད་ནས་བཟུང་། ད་ལྟའི་བར་དུ་བྱུང་མྱོང་མེད་པའི་མི་མང་ལས་ཤོར་པའི་གྲངས་འབོར་ཚད་མཐོ་ཤོས་སུ་སླེབས་འདུག ད་དུང་ཡང་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་མགྱོགས་མྱུར་གྱིས་འཕར་སྣོན་འགྲོ་བཞིན་པ་ནི་ཨ་རིའི་ལོ་རྒྱུས་སུ་དཔེ་མཚོན་འཇོག་ས་མེད་པ་ཞིག་ཏུ་འགྱུར་གྱི་འདུག དེས་ན་ཏོག་དབྱིབས་རིམས་ནད་རྗེས་སུ་ཨ་མི་རི་ཀའི་དཔལ་འབྱོར་སླར་གསོ་འབྱུང་རྒྱུ་ནི་ལོ་དང་ཟླ་བའི་སྐད་ཆ་ཞིག་རེད། ཨ་མི་རི་ཀའི་དཔལ་འབྱོར་སླར་གསོ་དང་མི་མང་ལས་ཤོར་པའི་གྲངས་འབོར་ཉུང་དུ་གཏོང་རྒྱུ་ཉི་མ་དང་བདུན་ཕྲག་གི་ནང་དུ་བསྒྲུབ་ཐུབ་པ་ཞིག་མ་རེད། དེ་རིང་ང་ཚོས་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་ཚོད་དཔག་བྱས་པ་དམའ་ཚོད་ཡིན། ཕྱི་ཟླ་བཞི་པའི་ཨ་རིའི་མི་མང་ལས་ཤོར་པའི་གྲངས་འབོར་ས་ཡ་འགའ་ཞིག་ལོངས་སྲིད་ཅེས་ཉེན་བརྡ་བཏང་འདུག ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ལས་རྩོལ་ལྷན་ཁང་གིས་མི་མང་ལས་ཤོར་པའི་གྲངས་འབོར་༩༠༠༠༠༠༠་ཡས་མས་ཤིག་ཟིན་འདུག་ཅེས་གྲངས་ཐོ་ཞིག་ཕྱིར་བསྒྲགས་བྱས་འདུག ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཀག་སྡོམ་བྱས་ནས་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར་གྱི་བྱ་གཞག་རྣམས་མྱུར་དུ་སླར་གསོ་བྱེད་མ་ཐུབ་ཚེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཆུང་ཁག་རྣམས་སྒོ་བརྒྱབ་སྟེ་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་སོང་སྟེ་སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀར་དཔལ་འབྱོར་ཉམས་རྒུད་དང་ནད་མནར་གྱི་ཆག་སྒོ་བྱུང་མྱོང་མེད་པ་ཞིག་འབྱུང་སྲིད་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG