ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་དམག་དཔོན་ཞིག་གནམ་གྲུའི་ཆག་སྒོའི་ནང་གྲོངས་པ།


ཐེ་ཝན་གྱི་དམག་སྤྱོད་ཐད་འཕུར་གནམ་གྲུ་ཁྲ་ནག་རྟགས་ཅན་ཞིག་དེ་རིང་སྤྱི་ཚེས་གཉིས་ཉིན་གྱི་ཞོགས་པར་ཐེ་ཝན་ཤར་བྱང་ཕྱོགས་སུ་ཡོད་པའི་བྰུའུ་ལྰེ་རི་རྒྱུད་ཀྱི་ས་ཁུལ་དུ་ས་ལ་ལྷུང་ཡོད་ཅིང་། ས་ལ་ལྷུང་བའི་གནམ་གྲུ་དེའི་ནང་དུ་མི་༨ རྐྱེན་འདས་སུ་ཕྱིན་ཅིང་མི་༥ ཚེ་སྲོག་གི་ཉེན་ཁ་ལས་ཡོལ་བའི་གནས་ཚུལ་འཁོད་འདུག ཐེ་ཝན་རྒྱལ་སྲུང་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཆག་སྒོའི་ནང་རྐྱེན་འདས་སུ་ཕྱིན་པའི་གྲས་སུ་ཐེ་ཝན་གྱི་དམག་དཔོན་ཁྲིན་ཡྰིས་མིན་སོགས་དམག་དཔོན་གསུམ་ཚུད་ཡོད་པ་དང་། ད་སྔ་གནམ་གྲུ་ས་ལ་ལྷུང་བའི་རྒྱུ་རྐྱེན་ཅི་ཡང་གསལ་བོར་ཤེས་ཀྱི་མེད་པའི་འགྲེལ་བཤད་བྱས་འདུག དོན་རྐྱེན་བྱུང་བའི་གནམ་གྲུ་དེ་ནི་ཁྲ་ནག་རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ཡིན་ཞིང་། སྤྱི་ལོ་༢༠༡༤ ལོར་ཨ་རིས་ཐེ་ཝན་ལ་རྟགས་འདི་ཅན་གྱི་ཐད་འཕུར་གནམ་གྲུ་༦༠ བཙོང་ཡོད་ཅིང་། ཐེ་ཝན་གྱིས་གནམ་གྲུ་འདི་དག་མཁའ་དམག་དང་། སྐམ་དམག ནང་ཁུལ་འགྲུལ་སྐྱོད་སོགས་ཀྱི་ཐད་བེད་སྤྱོད་གཏོང་བཞིན་པ་རེད།

ཡང་ཐེ་ཝན་གྱི་གནས་ཚུལ་གཞན་ཞིག་ལ་བདུན་ཕྲག་རྗེས་མའི་ནང་ཐེ་ཝན་གྱི་སྤྱི་ལོ་༢༠༢༠ ལོའི་སྲིད་འཛིན་འོས་འདེམས་ཆེན་མོ་བྱེད་ཀྱི་ཡོད་ལྟར། ཨ་རིར་ཡོད་པའི་ཐེ་ཝན་གྱི་སྐུ་ཚབ་ཀྰོ་ཧྲོ་ཐྰེ་ཡིས། ཐེ་ཝན་མི་དམངས་ནས་ད་ལོའི་སྲིད་འཛིན་གྱི་འོས་འདེམས་བརྒྱུད་ནས་འཛམ་གླིང་མི་དམངས་ལ་བརྡ་ལན་གལ་ཆེན་ཞིག་སྤྲོད་ཀྱི་ཡིན་ཞིང་། དེ་ནི་ཐེ་ཝན་གྱིས་མ་འོངས་ར་མུ་མཐུད་ནས་རང་དབང་དང་དམངས་གཙོའི་རིན་ཐང་ལྟ་ཚུལ་བཟུང་ནས། རྒྱ་ནག་གཞུང་གིས་ཐེ་ཝན་དུ་ལག་བསྟར་བྱ་འཆར་ཡོད་པའི་རྒྱ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་གཏན་ནས་ངོས་ལེན་བྱེད་མི་སྲིད་ཅེས་བཤད་འདུག

དུས་ཡུན་རིང་བོའི་ཨ་རི་དང་རྒྱ་ནག་བར་གྱི་ཚོང་དམག་ལ་རྐྱེན་བྱས་ནས་རྒྱ་ནག་གི་དཔལ་འབྱོར་ལ་ལོ་ངོ་སུམ་བཅུའི་རིང་བྱུང་མ་མྱོང་བའི་ཉམ་ཆག་ཆེན་པོ་ཞིག་བྱུང་བ་དང་། རྒྱ་ནག་དབུས་དངུལ་ཁང་ནས་དཀའ་ངལ་འདི་སེལ་བའི་རྒྱ་སྒོར་དུང་ཕྱུར་བརྒྱད་སྟོང་བཏང་ནས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་བསྐྱར་གསོ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག སྤྱི་ལོ་༢༠༡༨ ལོའི་ལོ་སྟོད་དུ་ཨ་རི་དང་རྒྱ་ནག་བར་ལ་ཉོ་ཚོང་གི་འགལ་ཟླ་བྱུང་བའི་མགོ་བརྩམས་པ་ནས་བཟུང་། རྒྱ་ནག་དབུས་དངུལ་ཁང་ནས་ཐེངས་བརྒྱད་ལ་དབུས་དངུལ་ཁང་གི་གསོག་དངུལ་གཏོང་ཚད་ལ་འགྱུར་བ་བཏང་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཆད་དངུལ་སྒོར་མང་པོ་བཏང་ཡོད་པ་རེད། ཉེ་ཆར་ཨ་རིའི་སྲིད་འཛིན་ཊམ་གྱིས་ད་ལོའི་སྤྱི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་རྒྱ་ནག་དང་མཉམ་དུ་རིམ་པ་དང་པོའི་ཉོ་ཚོང་གི་གན་རྒྱའི་སྟེང་མིང་རྟགས་བཀོད་རྒྱུ་ཡིན་ཅེས་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཉམ་ཆག་ཆེན་པོ་བྱུང་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་དེ་སེལ་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ནའང། རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམས་ཞིབ་གནང་མཁན་དག་གིས་མ་འོངས་བར་མུ་མཐུད་ནས་རྒྱ་ནག་དང་ཨ་རིའི་བར་གྱི་ཉོ་ཚོང་གི་གན་རྒྱ་བདེ་བླགས་ངང་འཇོག་ཐུབ་མིན་དང་། རྒྱ་ནག་གི་དཔལ་འབྱོར་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ཐུབ་མིན་ལ་ད་དུང་ཐེ་ཚོམ་བྱེད་བཞིན་འདུག

XS
SM
MD
LG