ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྱི་ལོ་གསར་པའི་ནང་དུ་ཧོང་ཀོང་ལ་ངོ་རྒོལ་བྱས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ལོ་༢༠༢༠་ལོའི་ཟླ་བ་དང་པོའི་ཚེས་༡་ཉིན་ཧོང་ཀོང་ལ་མུ་མཐུད་དུ་དམངས་གཙོ་དོན་གྱི་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོི་ཞིག་སྤེལ། ཐེངས་འདིའི་ངོ་རྒོལ་ཁྲོམ་སྐོར་གྱི་འབོད་ཚིག་དེར་ཁས་བླངས་པའི་དམ་བཅའ་བརྗེད་མེད་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མདུན་དུ་བསྐྱོད་དགོས། མི་མང་གིས་བཏོན་པའི་དགོས་འདུན་དོན་ཚན་ལྔའི་གཅིག་ཀྱང་ཆད་མི་ཆོག་ཅེས་བསྒྲགས། ཐེངས་འདིའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཁ་ཤས་ཀྱིས་དགོས་འདུན་དོན་ཚན་ལྔའི་ཆེད་དུ་ནམ་ཡང་ལས་འགུལ་མཚམས་འཇོག་བྱ་མི་ཉན་ཟེར་པ་དང་། ཧོང་ཀོང་གི་ཡར་རྒྱས་ཀྱི་ཆེད་དུ་དུས་དང་འཚམས་པའི་གསར་བརྗེ་བསླང་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་རྣམས་འཕྲེད་དར་དང་ཤོག་བྱང་སོགས་ཀྱི་ཐོག་ཏུ་བཀོད་ནས་ལག་ཏུ་འཁྱེར། ཁ་ཤས་ཀྱིས་དབྱིན་ཡུལ་དང་ཨ་རིའི་རྒྱལ་དར་འཕྱར་ནས་ལས་འགུལ་ལ་མཉམ་ཞུགས་བྱས་འདུག

དེ་རིང་གི་ངོ་རྒོལ་ལས་འགུལ་ནི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཞིག་གིས་བཀོད་སྒྲིག་བྱས་ཤིང། ཐེངས་འདིའི་ངོ་རྒོལ་ལས་འགུལ་ཝྭིཀ་ཊོ་རི་ཡ་སྤྱི་གླིང་དུ་མགོ་བརྩམས། མི་ཁྲི་ཕྲག་བརྒལ་བ་ཞིག་འདུས་ནས་ངོ་རྒོལ་ལས་འགུལ་ལ་ཞུགས་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྤྱི་ལོ་གསར་པའི་ཉིན་གྱི་ལས་འགུལ་བཀོད་སྒྲིག་བྱེད་མཁན་གྲས་ཀྱི་མི་སྣ་ཚིན་ཙི་ཅེ་ཞེས་པ་ཞིག་གིས་ཉེན་རྟོག་པས་ཐལ་དྲགས་པའི་དྲག་གནོན་མི་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་པར་མ་ཟད། ཁོ་ཚོས་ཀྱང་ཆེད་དུ་མི་༢༠༠་ལྷག་བཀོད་སྒྲིག་བྱས་ནས་ལས་འགུལ་སྐབས་ཀྱི་སྒྲིག་སྲོལ་སྲུང་རྒྱུར་འགན་སྲུང་བྱས་ཡོད་ཅེས་བཤད། ༢༠༢༠་ལོ་འདིར་ཧོང་ཀོང་བ་ཚོས་སྔོན་ཆད་གཞུང་གིས་དྲག་གནོན་བྱས་མྱོང་བའི་མི་རྣམས་ཀྱི་གནས་སྟངས་སེམས་ནས་མི་བརྗེད་པར་སྐྱེ་བོ་དེ་དག་གི་མཉམ་དུ་ལས་འགུལ་ལ་མཉམ་ཞུགས་བྱ་རོགས་ཞེས་འབོད་སྐུལ་ཞུས་འདུག

དེ་རིང་གི་ལས་འགུལ་སྤེལ་རྒྱུར་ཧོང་ཀོང་གི་ཉེན་རྟོག་སྡེ་ཚན་གྱིས་ཆོག་མཆན་བཀོད་ཀྱང་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་ཉེན་རྟོག་པས་སྔར་བཞིན་ལས་འགུལ་སྤེལ་མཁན་གྱི་སྟེང་དུ་མཆི་འབྱིན་དུག་རླངས་གཏོར། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ཧ་ཅང་ཞི་བདེའི་ངང་དུ་སྤེལ་བཞིན་ཡོད་ཀྱང་ཉིན་གུང་ནས་ལས་འགུལ་གྱི་ངོ་བོ་ཛ་དྲག་ཅན་ཞིག་ཏུ་གྱུར་ཏེ་ཝན་ཙི་ས་ཁུལ་དུ་ལས་འགུལ་སྤེལ་མཁན་ཚོའི་སྟེང་དུ་ཧོང་ཀོང་གི་ཉེན་རྟོག་པས་མཆི་འབྱིན་དུག་རླངས་གཏོར་པ་དང་ལས་འགུལ་བ་ཁ་ཤས་ཀྱིས་ཉེན་རྟོག་པར་འབར་རྫས་ཆུང་ཆུང་ཁ་འགའ་ཞིག་གིས་ཕར་རྒོལ་བྱས་སོང་ཞེས་གནས་ཚུལ་སྤེལ་འདུག

ཧོང་ཁོང་གཞུང་གིས་ཐེངས་འདིའི་ངོ་རྒོལ་ལས་འགུལ་འདི་རྩ་བའི་ཆ་ནས་སྒྲིག་སྲོལ་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་ཧོང་ཀོང་གི་ཉེན་རྟོག་སྡེ་ཚན་གྱིས་ངོ་རྒོལ་ལས་འགུལ་གྱི་སྐབས་སུ་མི་ལྔ་འཛིན་བཟུང་བྱས་པ་ཡིན། ཁོ་ཚོ་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ནི་ངོ་རྒོལ་གྱི་འདུ་འཛོམས་བྱ་ཡུལ་གྱི་དངུལ་ཁང་ཞིག་གི་རང་འགུལ་དངུལ་ལེན་དང་སྒེའུ་ཁུང་གི་ཤེལ་སྒོ་བཅག་པ་སོགས་ཁྲིམས་འགལ་བྱས་འདུག་ཅེས་བཀྲལ། ཧོང་ཀོང་ལ་འདས་པའི་ཟླ་ངོ་དྲུག་གི་རིང་ངོ་རྒོལ་ལས་འགུལ་རྒྱུན་མ་ཆད་པར་ལངས་པའི་སྟབས་ཀྱིས་སྤྱི་ལོ་གསར་པའི་སྔ་ནུབ་སོགས་སུ་བཀོད་སྒྲིག་བྱས་པའི་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་མང་པོ་ཞིག་ཕྱིར་འཐེན་བྱས་འདུག

ལོ་སར་གྱི་སྔ་ནུབ་དེར་དམངས་གཙོ་དོན་གཉེར་བ་དང་ཉེན་རྟོག་པ་ཚོ་གདོང་ཐུག་བྱུང་ནས་ངོ་རྒོལ་ལས་འགུལ་བའི་སྟེང་དུ་མཆི་འབྱིན་དུག་རླངས་གཏོར་པ་དང་ཆུ་མདའ་འཕངས། ཧོང་ཀོང་གི་ལས་འགུལ་བ་ཚོས་ཀྱང་ཉེན་རྟོག་པར་རྒོལ་ལན་སློག དེ་རིང་ལོ་སར་ཚེས་༡་ཉིན་ཧོང་ཀོང་གི་ཉེན་རྟོག་སྡེ་ཚན་གྱིས་ངོ་རྒོལ་ལས་འགུལ་ལ་བཀག་སྡོམ་བྱེད་པར་ཉེན་རྟོག་པ་༦༠༠༠་དྲུག་འགྲེམ་འཇོག་བྱས་ཤིང་། ངོ་རྒོལ་ཁྲོམ་སྐོར་གྱི་དུས་སུ་སུ་སྒྲིག་སྲོལ་ལ་སྲུང་བརྩི་མི་བྱེད་མཁན་ཚོར་གུ་ཡངས་གཏན་ནས་གཏོང་རྒྱུ་མིན་ཞེས་ཉེན་བརྡ་བཏང་འདུག

XS
SM
MD
LG