ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་དངུལ་བུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་མཆོད་འཇོར་ཚོགས་ཁང་དུ་མང་ཚོགས་ལ་དངུལ་བུན་གཏོང་ཕྱོགས་ཀྱི་ཟབ་སྦྱོང་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་བྱས་སོང་། དེ་ཡང་ཕྱི་ཚེས་༢༣་ཉིན་འདི་ག་བལ་ཡུལ་མཆོད་འཇོར་ས་གནས་སུ་ཁ་འཐོར་མི་མང་ལ་མཆོད་འཇོར་མི་མང་ཚོགས་ཁང་ཆེན་མོར་དངུལ་བུན་གཏོང་ཕྱོགས་ཀྱི་ཟབ་སྦྱོང་དང་མི་མང་གི་བསུམ་ཚུལ་བསྡུ་རུབ་བཅས་ཀྱི་ལས་ལ་དངོས་སུ་ཞུགས་པའི་ལས་བྱེད་པ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་དོན།།

ཁོང་གིས་དོན་དག་གཙོ་བོ་ནི་༢༠༡༩་དང་༢༠་ལོ་གཉིས་ལ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཁ་འཐོར་མི་མང་གྲས་སུ་ཚོང་ལས་གཉེར་མཁན་ཡོད་པ་དེ་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་བུན་གཏོང་ཕྱོགས་དང་དངུལ་སྒོ་གཡར་ཕྱོགས། སྐྱེལ་ཀ་ཇི་ཙམ་སྤྲོད་དགོས་མིན། མཐར་མ་དངུལ་དང་སྐྱེལ་ཀ་བཅས་གཞུང་ལ་སྤྲོད་དགོས་བ་སོགས་ལ་ཟབ་སྦྱོང་ཞིག་སྤྲད་པ་ཡིན། གཙོ་བོ་ཐོག་མར་ཚོང་ལས་གསར་དུ་གཉེར་མཁན་ཚོར་མ་དངུལ་སྒོར་འབུམ་གཅིག་དང་ཕྱེད་ཀ་བུ་ལོན་གཏོང་རྒྱུ་དང་། ཚོང་ལས་གཉེར་བཞིན་པ་རྣམས་ཡར་རྒྱས་དང་རྒྱ་སྐྱེད་དུ་གཏོང་མཁན་ཚོར་སྒོར་འབུམ་གཅིག་དང་ཕྱེད་ཀ་ནས་འབུམ་བཞི་ཙམ་དངུལ་བུན་གཡར་ཏེ་སྐྱེལ་ཀ་བརྒྱ་ཆ་བཞི་ལས་སྤྲོད་མི་དགོས་བར་ཁྱོན་བསྡོམས་ལོ་གཅིག་གི་རིང་ལ་དངུལ་བུན་གཡར་རྒྱུ། ཟླ་ངོ་༡༢་ཟིན་མཚམས་སུ་མ་དངུལ་དང་སྐྱེལ་ཀ་གཉིས་ཀ་གཞུང་ལ་སྤྲོད་དགོས་ཀྱིན་ཡོད་པའི་མང་ཚོགས་ཀྱི་ཚོང་ལས་ཡར་རྒྱས་ལ་རམ་འདེགས་ཀྱི་ལས་དོན་ཞིག་ཡིན་ཞེས་ངོ་སྤྲོད་གནང་སོང་།

འདི་དང་དུས་མཚུངས་སུ་མདོ་སྨད་ཚོགས་གཙོ་འབྲུག་ལྷ་ལགས་སུ་བཅར་འདྲི་ཞུས་བར་ཁོང་གིས་བརྗོད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདིར་གཏན་སྡོད་ཁ་འཐོར་མང་ཚོགས་ལ་དངུལ་སྐྱེལ་ཉུང་ཉུང་བྱས་ནས་བུ་ལོན་གཏོང་བཞིན་པའི་ལས་གཞི་འདིར་མང་ཚོགས་ཀྱི་ངོས་ནས་ཧ་ཅང་དགའ་མོས་བྱེད་བཞིན་འདུག སྐྱིད་སྡུག་སོ་སོའི་ཁྱབ་ཁོངས་མང་ཚོགས་ལ་ཡང་འདས་པའི་ཉིན་གྲངས་ཁ་ཤས་ཀྱི་གོང་ནས་བརྡ་ཁྱབ་བཏང་སྟེ་དེ་རིང་དངོས་སུ་ཚོགས་ཐོག་ཏུ་སླེབས་ནས་མཉམ་ཞུགས་སྒོིས་རང་རང་གི་བསམ་ཚུལ་བཤད་བཞིན་པ་དམིགས་བསལ་གྱི་ལས་གཞི་འདིའི་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་མིན་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་སྤྲོད་བཞིན་འདུག་ཅེས་བརྗོད་བྱུང་།

གཞན་ཡང་ཚོགས་འདུའི་སྟེང་དུ་མཉམ་ཞུགས་བྱེད་མཁན་ཧེ་རུ་ཀ་ལགས་སུ་བཅར་འདྲི་ཞུས་པར་དབུས་ནས་དངུལ་བུན་གཏོང་ཕྱོགས་ཀྱི་ལས་གཞི་འདི་ནི་མང་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་སོང་། དེ་སྔ་རང་རང་གི་འབྲེལ་ཡོད་ལ་དངུལ་སྒོར་གཡར་བསྐྱིལ་བྱས་པའི་གནས་ཚུལ་དེ་འདྲ་བྱུང་བ་རེད། དེ་འདྲ་བྱས་པ་ཡིན་ན་མང་ཚོགས་ཉོམ་ཆུང་གི་རིགས་ལ་དངུལ་བུན་མ་རག་པའི་དཀའ་ངལ་ཅུང་ཟད་འཕྲད་ཀྱིན་འདུག་པས་གནད་དོན་དེར་ང་ཚོ་ཚང་མའི་བསམ་བློ་གཏོང་དགོས་བ་ཞིག་རེད་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་ལས་གཞི་འདི་ཧ་ཅང་ཡག་པོ་འདུག་བསམ་སོང་། སོ་སོ་རང་ངོས་ནས་ཡིན་ན་དབུས་ནས་དངུལ་བུན་གཏོང་རྒྱུའི་ལས་གཞི་འདིར་མཉམ་ཞུགས་བྱེད་འདོད་ཡོད་ཅེས་བརྗོད་བྱུང་བར་མ་ཟད། དེ་རིང་གི་ཚོགས་ཐོག་ཏུ་མི་མང་གི་བསམ་ཚུལ་གཙོ་བོ་དངུལ་གྱི་གྲངས་འབོར་ཅུང་ཙམ་ཉུང་དྲགས་པ་དང་དུས་ཡུན་ལོ་གཅིག་ལས་མེད་པས་དུས་ཡུན་ཧ་ཅང་ཐུང་དྲགས་འདུག མ་དངུལ་ཕྱིར་སློག་གི་དུས་ཡུན་ཅུང་ཙམ་རིང་དུ་གཏོང་ཐུབ་ན་དངུལ་གཡར་མཁན་མང་ཚོགས་ལ་ཡང་ཕན་ཐོགས་ཡག་པོ་ཡོད་པའི་བསམ་ཚུལ་བརྗོད་མཁན་མང་པོ་བྱུང་སོང་།

XS
SM
MD
LG