ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་ལ་ནོ་བྷེལ་གཟེངས་རྟགས་དུས་དྲན་དྲྭ་རྒྱ་སོགས་ལ་དམ་དྲག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་འཁོར་༣༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་དུ་སྐད་འཕྲིན་ལ་སོགས་པའི་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེན་བྱས་པར་བརྟེན། བོད་ཤར་ཕྱོགས་ཀྱི་བོད་པ་གསུམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ཟླ་༡༢་པའི་ཚེས་༡༠་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་འཁོར་སུམ་ཅུའི་དུས་དྲན་གྱི་ཉིན་ཁ་ཤས་སྔོན་དེར་བོད་ནང་དུ་བོད་པ་གསུམ་གྱིས་བཙན་བྱོལ་དུ་ཡོད་པའི་སོ་སོའི་གཉེན་ཉེ་གྲོགས་པོ་ཚོར་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཡིན་འདུག ཁོ་ཚོ་ནི་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ། རི་མངོན་གྲོང་ཚོའི་ལོ་ན་༣༠་ཡས་མས་སུ་སོན་པའི་ཚེ་བརྟན་ཞེས་པ་ཞིག་དང་། ཆུང་དུས་ནས་འོན་པ་ཡིན་པའི་ཐང་གའི་རི་མོ་བ་ཀླུ་འབུམ་རྡོ་རྗེ། ད་དུང་མིང་གསལ་པོར་ཤེས་རྟོགས་ཐུབ་མེད་པའི་བོད་པ་ཞིག་བཅས་ཡིན་ཞིང་། མི་གསུམ་པོ་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ད་ཆ་གར་སོང་ཆ་མེད་དུ་གྱུར་འདུག

ད་ལོའི་སྤྱི་ཟླ་༣་པའི་ཚེས་༡་ཉིན་ཀན་ལྷོ་ཁུལ་དུ་རྒྱ་ནག་གཞུང་གིས་སྐད་འཕྲིན་སོགས་ལ་དམ་དྲག་ཤུགས་ཆེན་པོ་བྱ་རྒྱུ་ཡིན་ཞེས་བསྒྲགས། བརྡ་ཁྱབ་དེར་ཟླ་བ་གསུམ་པ་ནི་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན་པས་སྐད་འཕྲིན་སོགས་ལ་དོ་དམ་དང་ལྟ་རྟོག་བྱ་རྒྱུ་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན། གལ་སྲིད་སྐད་འཕྲིན་སོགས་ནས་ཁྲིམས་འགལ་གྱི་ཆ་འཕྲིན་སྤེལ་བ་ཡིན་ན་རང་འགན་རང་གིས་འཁུར་དགོས་པར་མ་ཟད། ལོ་གཅིག་ནས་ལོ་བརྒྱད་བར་དུ་བཙོན་འཇུག་བྱ་རྒྱུ་དང་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ལའང་དེ་མཚུངས་ཀྱི་ཆད་པ་གཅོད་རྒྱུ་ཡིན་ཞེས་འཁོད།

རྒྱ་ནག་གཞུང་གིས་སྐད་ཆ་གསལ་པོ་མ་ཡིན་པའི་ཁྲིམས་ཡིག་དེ་དག་ལ་བརྟེན་ནས་བོད་མི་དམངས་ཀྱི་བོད་ཀྱི་རིག་གནས་དང་ཆོས་ལུགས་དད་མོས་སོགས་ཀྱིས་མཚོན་པའི་བྱ་སྤྱོད་གང་རུང་ལ་ཁྲིམས་འགལ་ཡིན་ཞེས་སྐྱོན་འཛུགས་བྱས་ནས་ཁྲིམས་ཐག་གཅོད་ཆོག་ཆོག་ཡིན་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཅིང་། རྒྱ་ནག་གི་ཊན་སན་ཊི་བཟོ་ཚོང་ཁང་གི་གཙོ་གཉེར་བྱེད་བཞིན་པའི་སྐད་འཕྲིན་ནི་དེང་སང་རྒྱ་ནག་ནང་ཁུལ་དང་བོད་ནང་ལ་སྤྱི་ཚོགས་འབྲེལ་མཐུད་བྱ་སྤྱད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་དང་ནང་མི། གཉེན་ཉེ་སོགས་རྒྱ་ནག་ལ་ཡོད་པའི་མི་ཚོས་སྐད་འཕྲིན་ཕབ་ལེན་མི་བྱས་ཁ་མེད་ཡིན། དེས་ན་རྒྱ་ནག་གིས་སྐད་འཕྲིད་བརྒྱུད་ནས་མི་སྒེར་གྱི་ཆ་འཕྲིན་ལ་ལྟ་ཞིབ་བྱེད་པའི་ལག་རྩལ་རྣམས་ཉིན་ལྟར་ཡར་རྒྱས་འགྲོ་བཞིན་ཕྱིན་ཏེ་མི་ལ་ལྟ་རྟོག་ཤུགས་ཆེན་བྱེད་བཞིན་འདུག

ད་ལོའི་སྤྱི་ཟླ་༣་པའི་བོད་མིའི་ཞི་རྒོལ་དུས་དྲན་གྱི་སྔ་གཞུག་ཏུ་བསང་ཆུ་རྫོང་གི་ས་གནས་དབང་འཛིན་པ་ཚོས་སྤྱི་ཚོགས་དྲྭ་ལམ་སྐད་འཕྲིན་ལ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་བརྡ་འཕྲིན་ཇི་སྙེད་ལ་ཁྱབ་སྤེལ་འགྲོ་བཞིན་པར་རྡུང་རྡེག་གིས་དམར་ཤོག་དང་སྤྱི་ཚོགས་རིང་ལུགས། སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་གཏོང་མཁན་གྱི་ལས་ཀྱི་བྱེད་པོ་རྣམས་ཁྲིམས་འགལ་བའི་གྲས་སུ་བརྩིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། བསང་ཆུ་ས་ཁུལ་དུ་སྐད་འཕྲིན་བེད་སྤྱོད་བཏང་བ་རྒྱུ་མཚན་དུ་བྱས་ནས་བོད་པ་མང་པོ་ཞིག་འཛིན་བཟུང་ཐེབས་ཡོད་ཅིང་། རྒྱ་ནག་གཞུང་གིས་གནས་ཚུལ་ཕྱི་ལོགས་སུ་གྱར་བར་བཀག་འགོག་ཤུགས་ཆེན་བྱེད་བཞིན་ཡོད་པས་གནས་ཚུལ་ཞིབ་ཕྲའི་སྐོར་ད་དུང་སུས་ཀྱང་ཤེས་མེད་པ་རེད། དེ་བཞིན་ད་ལོའི་སྤྱི་ཟླ་༨་པར་ཨ་མདོའི་ཁུལ་གྱི་བོད་པ་རིན་བསོད་ཅེས་པ་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྐད་འཕྲིན་ནང་དུ་བཏང་བའི་རྐྱེན་བྱས་ཏེ་ཉིན་གྲངས་བཅུའི་རིང་ལ་བཙོན་འཇུག་བྱས་འདུག གཞན་ཡང་༢༠༡༤་ལོའི་སྤྱི་ཟླ་༣་པའི་ཚེས་༤་ཉིན་བོད་ཀྱི་ཆབ་མདོ་འབྲོག་སར་དགོན་པའི་བློ་བཟང་ཆོས་འབྱོར་ཞེས་པའི་གྲྭ་བ་ཞིག་གིས་༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་སྐད་འཕྲིན་ནང་དུ་བརྒྱུད་སྤེལ་བྱས་པར་བརྟེན་ནས་བཙོན་འཇུག་བྱས་འདུག

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་སུ་རྒྱ་སྒོར་ཁྲི་ཚོ་༣༠་སྟེ། ཨ་སྒོར་༤༢༥༨༢་བྱ་དགའ་ཆེད་དུ་འགྲོ་སོང་བཏང་སྟེ་རྒྱ་ནག་གི་དྲྭ་རྒྱའི་བརྒྱུད་ལམ་དང་མི་མཐུན་པའི་དྲྭ་རྒྱའི་དོ་བདག་རྣམས་འཛིན་བཟུང་དང་རྩིས་སྤྲོད་བྱེད་མཁན་ཚོར་བྱ་དགའ་སྤྲོད་ཀྱི་ཡོད་འདུག སྤྱི་ཟླ་༩པའི་ཚེས༡༩་ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཁ་གཡང་ཚེ་རིང་གིས་ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ལོ་ན་༢༢་སོན་པ་བསོད་ནམས་དཔལ་ལྡན་ཟེར་བ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རྒྱ་ནག་གི་སྲིད་བྱུས་ལ་འབྲེལ་ཡོད་པའི་གནས་ཚུལ་ཞིག་སྐད་འཕྲིན་ནང་དུ་བཏང་བར་བརྙས་ནས་འཛིན་བཟུང་བྱས་འདུག་ཅིང་། ཉེ་དུས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་དང་ཁྲིམས་ཁང་སོགས་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་བཞིན་འདུག

རྒྱ་གར་རྡ་རམ་ས་ལ་ལའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་ལྷས་བརྗོད་གསལ་ལྟར་ན་བོད་རང་སྐྱོང་ལྗོངས་ལྷ་སའི་བོད་པ་བུད་མེད་ཅིག་གིས་ཆབ་སྲིད་ཀྱི་གནད་དོན་དང་འཚེ་བ་གང་ཡང་མེད་པའི་སློབ་གྲོགས་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཡོད་པས་རྒྱ་ནག་གཞུང་གིས་ལས་ཁུངས་སུ་བཙན་ཁྲིད་བྱས་ནས་གཤེ་གཤེ་ཚབས་ཆེན་བཏང་ཡོད་པ་དང་། མ་འོངས་པར་སོ་སོའི་སློབ་གྲོགས་ཀྱི་སྐད་འཕྲིན་ཚོགས་པ་གང་རུང་འཛུགས་མི་ཆོག་པའི་ཐ་ཚིག་བསྒྲགས། མཐར་བུད་མེད་དེས་སྐད་འཕྲིན་བེད་སྤྱོད་བཏང་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG