ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨོ་མེན་ལ་ཁེ་དང་ཧོང་ཀོང་ལ་གྱོང་སྤྲོད་རྒྱུ།


༄༅།། ༢༠༡༩་འདི་རྒྱ་ནག་གིས་ཨོ་མེན་མངའ་ཁུལ་གྱི་བདག་དབང་རྩིས་བླངས་ནས་ལོ་༢༠་འཁོར་བའི་དུས་དྲན་ཡིན་ཞིང་། གཟའ་འཁོར་འདིར་ཞིས་ཅིན་ཕིང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་མཛད་སྒོར་ཕེབས་ནས་རྒྱ་ནག་དབུས་གཞུང་གིས་ཕཱོར་ཆུ་གྷལ་གྱི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་འཆར་གཞི་གསར་པ་ཁག་ཅིག་ཕྱིར་བསྒྲགས་བྱ་སྲིད་པའི་རྟགས་མཚན་གསལ་པོ་མངོན། ཨོ་གླིང་རྒྱལ་ཁབ་ཀྱི་སི་ཌི་ཎི་གྲོང་ཁྱེར་དུ་ཡོད་པའི་ཉམས་ཞིབ་ཁང་ཞིག་གི་མཁས་པ་མཱེཀ་གྷེ་རི་གྷོར་ཞེས་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨོ་མེན་དམིགས་བསལ་ས་ཁུལ་ལ་དཔལ་འབྱོར་རོགས་རམ་སྤྲོད་སྲིད་པ་ནི་ཧོང་ཀོང་ལ་བརྡ་ཞིག་བཏང་བ་རེད། ད་ལོ་ཧོང་ཀོང་མི་མང་གིས་ཟླ་བ་མང་པོར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པས་རྒྱ་ནག་གཞུང་གིས་དེ་ལ་མ་དགའ་བའི་རྣམ་འགྱུར་བསྟན་པ་མཚོན་ཐུབ། ཡིན་ནའང་ཧོང་ཀོང་ལ་དཔལ་འབྱོར་དང་རིག་གནས། རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཐུན་མོང་མ་ཡིན་པ་ཞིག་གི་ཁྱད་ཆོས་ལྡན་པ་རྣམས་ཨོ་མེན་དམིགས་བསལ་ས་ཁུལ་ལམ། ཡང་ན་རྒྱ་ནག་གི་གྲོང་ཁྱེར་གཞན་པ་གང་འདྲ་ཞིག་ལའང་འཛོམས་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད།

༡༩༩༩་ལོར་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཕཱོར་ཆུ་གྷལ་གྱི་ལག་ནས་ཨོ་མེན་ས་ཁུལ་གྱི་བདག་དབང་རྩིས་བླངས། འདས་པའི་ལོ་༢༠་རིང་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་ལྟར་ཨོ་མེན་དམིགས་བསལ་ས་ཁུལ་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར། ཨོ་མེན་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་༢༠་འཁོར་བའི་དུས་དྲན་སྐབས་སུ་རྒྱ་ནག་གཞུང་གིས་མངའ་ཁུལ་དེར་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་རྐང་ཁྲོམ་ར་གཉེར་འཛུགས་བྱེད་དུ་འཇུག་རྒྱུ་དང་མི་དམངས་ཤོག་སྒོར་བརྗེ་སྒྱུར་གྱི་ལྟེ་གནས་ཤིག་སྒོ་འབྱེད་བྱ་རྒྱུ། ཨོ་མེན་དམིགས་བསལ་ས་ཁུལ་གྱི་ཡར་རྒྱས་ཆེད་དུ་རྒྱ་ནག་སྐམ་ས་ཆེན་མོར་ས་ཆ་སྤྲོད་རྒྱུའི་འཆར་གཞི་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཧོང་ཀོང་དང་ཨོ་མེན་གཉིས་ཀ་རྒྱ་ནག་གི་མངའ་འོག་ཏུ་ཕྱེད་རང་སྐྱོང་གི་དམིགས་བསལ་ས་ཁུལ་གཉིས་ཡིན་པར་མ་ཟད། མངའ་ཁུལ་དེ་དག་ལ་རང་གི་ཁྲིམས་དང་འཛིན་སྐྱོང་། ཁྲིམས་འཛིན་ལམ་ལུགས་བཅས་ཡོད་ཀྱང་༢༠༡༩་ལོའི་ཕྱི་ཟླ་༦་པ་ནས་ཧོང་ཀོང་དུ་ངོ་རྒོལ་ལས་འགུལ་ལངས་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། ོང་ཀོང་མི་དམངས་ཀྱིས་མངའ་ཁུལ་དེར་དམངས་གཙོའི་རང་དབང་དང་ཐོབ་ཐང་ཆེ་ཙམ་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་ཀྱང་ཨོ་མེན་དམིགས་བསལ་ས་ཁུལ་ལ་ངོ་རྒོལ་ལས་འགུལ་ལངས་མེད་པ་རེད།

ཨོ་གླིང་རྒྱལ་ཁབ་ཀྱི་སི་ཌི་ཎི་གྲོང་ཁྱེར་དུ་ཚུགས་ཡོད་པའི་ཞིབ་འཇུག་ཁང་དེའི་ཉམས་ཞིབ་པ་མཱེཀ་གྷེ་རེ་གྷོར་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨོ་མེན་དམིགས་བསལ་ས་ཁུལ་ལ་དཔལ་འབྱོར་རོགས་རམ་སྤྲོད་འཆར་ཡོད་པ་གནས་སྐབས་རིང་ཧོང་ཀོང་ལ་གནོན་ཤུགས་སྤྲོད་རྒྱུའི་ཆེད་དུ་ཡིན་པ་སྟེ། རྒྱ་ནག་གཞུང་གིས་ཧོང་ཀོང་བ་ཚོས་རང་གི་མངའ་ཁུལ་དེ་སྐམ་ས་ཆེན་མོར་མེད་ཐབས་མེད་པ་ཞིག་ཡིན་བསམས་ཡོད་སྲིད། ཡིན་ནའང་ང་ཚོས་ཧོང་ཀོང་གི་ཚབ་ཏུ་ཨོ་མེན་བྱེད་ཆོག་ཅེས་བརྡ་ཞིག་གཏོང་གི་ཡོད་པ་འདྲ། འོན་ཀྱང་ཕུགས་སུ་ཨོ་མེན་དམིགས་བསལ་ས་ཁུལ་ལའང་གནོན་ཤུགས་ཐེབས་ངེས་རེད། ངས་བལྟས་ན་ད་དུང་སྐབས་ཤིག་གི་རིང་དུ་རྒྱ་ནག་ལ་ཧོང་ཀོང་མེད་ཐབས་མེད། གལ་སྲིད་རྒྱ་ནག་ལ་ཧོང་ཀོང་གི་ཚབ་བྱེད་ཐུབ་པའི་གྲོང་ཁྱེར་ཞིག་ཡོད་ན་ཧྲང་ཧེ་དང་ཧྲེན་ཀྲེན་གཉིས་ཀྱི་གང་རུང་ཞིག་ཡིན་དགོས། ཧྲང་ཧེ་དང་ཧྲེན་ཀྲེན་གཉིས་ཀྱི་གཅིག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཚབ་བྱེད་ཐུབ་ཀྱི་ཡོད་ན་བྱེད་དུ་བཅུག་ཟིན་ཡོད་ངེས་རེད། ཧོང་ཀོང་གི་ནོར་སྲིད་ལས་རིགས་གཙོ་བོར་གྱུར་པའི་ལས་རིགས་ཁག་ཅིག་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་སྒྲུབ་ཐུབ་ཀྱི་མི་འདུག རྒྱ་ནག་གི་འགོ་ཁྲིད་ཚོའི་ངོས་ནས་བཤད་ན་ཨོ་མེན་དམིགས་བསལ་ས་ཁུལ་ཕྱིར་ལེན་བྱས་པའི་རྗེས་སུ་གྲུབ་འབྲས་ཆེན་པོ་ཐོན་རུང་ཧོང་ཀོང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་བྱུང་བ་རེད་ཅེས་བཤད།

ཨོ་གླིང་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་མཱེཀ་གྷེ་རི་གྷོར་གྱིས་ཨོ་མེན་དམིགས་བསལ་ས་ཁུལ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཤོ་རྒྱག་རྒྱན་འཛུགས་ཀྱི་ཡོང་འབབ་ཁོ་ན་ཡིན་ཞིང་། གལ་སྲིད་མངའ་ཁུལ་དེར་ཤོ་རྒྱག་རྒྱན་འཛུགས་ཀྱི་དཔལ་འབྱོར་ཡོང་འབབ་མེད་པར་གྱུར་ན་རྒྱ་ནག་དབུས་གཞུང་གི་རོགས་རམ་འབ་ཞིག་ལ་བརྟེན་དགོས། དེར་བརྟེན་རྒྱ་ནག་གཞུང་གིས་ཨོ་མེན་དམིགས་བསལ་ས་ཁུལ་དུ་ངོ་རྒོལ་དང་ཆབ་སྲིད་ཀྱི་ཟིང་ཆ་ལངས་ན་བདེ་བླག་ཏུ་འགོག་ཐུབ་ཀྱི་འདུག ཧོང་ཀོང་ལ་དབྱིན་ཇིའི་དབང་སྒྱུར་དུས་ནས་དཔལ་འབྱོར་དང་ཚོང་ལས། དངུལ་ཁང་དང་ནོར་སྲིད། དངུལ་རྩའི་ཁྲོམ་ར་དང་བཟོ་ལས། ཤེས་ཡོན་སློབ་གསོ་དང་ཚན་རིག་ལག་རྩལ། ཆབ་སྲིད་ཀྱི་རྩ་བ་བརྟན་པོ་ཚུགས་པའི་དམངས་གཙོའི་སྤྱི་ཚོགས་ལམ་ལུགས་ཞིག་ཚུགས་འདུག ཧོང་ཀོང་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཏུ་གྱུར་ནས་མངའ་ཁུལ་དེའི་དཔལ་འབྱོར་དང་ཚོང་ལས་རྣམས་མཐའ་གཅིག་ཏུ་རྒྱ་ནག་ལ་བརྟེན་དགོས་ཀྱི་མེད་པས་མངའ་ཁུལ་དེའི་མི་མང་གིས་རང་དབང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་ཕོད་ཀྱི་ཡོད་པ་རེད་ཅེས་བཤད།

རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་དུ་ལག་ལེན་བསྟར་བཞིནཔའི་སྲིད་ཇུས་རྣམས་ཐེ་ཝན་ལའང་ལག་ལེན་བསྟར་ཆོག རྒྱ་ནག་དང་ཐེ་ཝན་གཉིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས་ཟེར་གྱི་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འཕྲལ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་མོས་མཐུན་མེད་ཅེས་དགག་པ་བརྒྱབ། ད་ལོ་ཧོང་ཀོང་ལ་དམངས་གཙོའི་ངོ་རྒོལ་ལས་འགུལ་ལངས་པའི་རྗེས་སུ་ཐེ་ཝན་མི་དམངས་རྣམས་སྔར་ལས་ལྷག་པར་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཡིད་ཆེས་མེད་པར་གྱུར། ཐ་ན་ཐེ་ཝན་གྱི་གོ་མིན་ཏང་གི་རྒྱབ་སྐྱོར་པ་རྣམས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེར་ཞེན་པ་ལོག དེང་སྐབས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དང་ཉམས་ཞིབ་པ་ཚོས་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་དྲིས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་འཛིན་ཚེ་དབྱིན་ཝེན་ལ་བསྐྱར་དུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་རྟགས་མཚན་ཐོན། ཚེ་དབྱིན་ཝེན་སླར་ཡང་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་ལ་ཕམ་ཉེས་ཆེན་པོ་ཞིག་ཡིན། ཨོ་གླིང་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་མཱེཀ་གྷེ་རི་གྷོར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཧོང་ཀོང་ལ་ལག་ལེན་བསྟར་ནས་འབྲས་བུ་བཟང་པོ་ཞིག་སྨིན་གྱི་མེད་ན་ཐེ་ཝན་མི་དམངས་ཀྱིས་དེ་ལ་ནམ་ཡང་མོས་མཐུན་བྱ་མི་སྲིད། དེས་ན་ཞིས་ཅིན་ཕིང་ལ་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཐེབས་ཀྱི་འདུག ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཞོད་འཇགས་གཏོང་མ་ཐུབ་ན་ཞིས་ཅིན་ཕིང་གི་སྲིད་དབང་ལ་ཉེན་ཀ་འབྱུང་སྲིད། ཐེ་ཝན་གྱི་འོས་འདེམས་དང་ཨ་རྒྱ་གཉིས་ཀྱི་ཚོང་དམག རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་པ་རྣམས་ཞིས་ཅིན་ཕིང་ལ་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཁོ་པས་རྒྱ་ནང་གི་དཀའ་ངལ་སེལ་ཐུབ་ཀྱང་ཕྱིའི་དཀའ་ངལ་སེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

XS
SM
MD
LG