ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་བུ་མོ་ཞིག་གིས་དྲྭ་ལམ་དུ་ཞིན་ཅང་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་བུ་མོ་ཧྥེ་རོ་ཟཱ་ཨེ་ཌི་ཟཱེ་སི་ཟེར་བ་ཞིག་གིས་ཊེ་ཁི་ཊོ་ཁིའམ། རྒྱ་སྐད་དུ་ཏིག་དབྱིན་ཞེས་འབོད་བཞིན་པའི་དྲྭ་རྒྱའི་བརྒྱུད་ལམ་དུ་ཟླ་འདིའི་ཚེས་༢༤་ཉིན་ཞིན་ཅང་གི་བཀག་ཉར་ཁང་གི་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་པར་མི་གྲངས་ས་ཡ་བརྒལ་བ་ཞིག་གིས་བལྟས་འདུག བརྙན་ཐུང་དེ་སྤེལ་བའི་རྗེས་སུ་རྒྱ་ནག་གི་དྲྭ་རྒྱའི་བཟོ་ཚོང་ཁང་གིས་ཁོ་མོས་ཏིག་དབྱིན་ཞེས་པའི་དྲྭ་རྒྱའི་བརྒྱུད་ལམ་དུ་ཟླ་བ་གཅིག་གི་རིང་ལ་བརྙན་ཐུང་སྤེལ་མི་ཆོག་པའི་བཀག་སྡོམ་བྱས་འདུག་ཀྱང་ཏིག་དབྱིན་བཟོ་ཚོང་ཁང་གིས་བུ་མོ་དེའི་བརྒྱུད་ལམ་བཀག་འགོག་བྱས་པ་ཁས་ལེན་བྱས་མི་འདུག

ལོ་ན་༡༧་ལ་སོན་པའི་ཨ་རི་བ་བུ་མོ་དེ་མཐོ་འབྲིང་སློབ་ཕྲུག་ཅིག་ཡིན་ཞིང་། ཁོ་མོས་རང་གི་ཏིག་དབྱིན་དྲྭ་རྒྱའི་བརྒྱུད་ལམ་དུ་སྤེལ་བའི་བརྙན་ཐུང་དེ་མགོ་རྩོམ་དུས་མིག་སྤུ་མཛེས་བཟོ་བྱེད་སྟངས་ངོ་སྤྲོད་བྱེད་ཁུལ་གྱིས་ངས་ཁྱེད་ཚོར་མིག་སྤུ་ཇི་ལྟར་ཇེ་རིང་ལ་གཏོང་དགོས་པ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། དེ་དང་དུས་མཚུངས་སུ་མིག་སྤུ་མཛེས་བཟོ་བྱེད་ཁུལ་བྱས་མ་ཐག་ཏུ་སྐད་ཆའི་ནང་དོན་བསྒྱུར་ནས་ཁྱེད་ཚོས་བེད་སྤྱོད་བྱེད་བཞིན་པའི་ལག་འཛིན་ཁ་པར་སྤྱད་ནས་རྒྱ་ནག་གིས་ཇི་ལྟར་བྱས་ཏེ་གཅིག་བསྡུས་བཙོན་ར་འཛུགས་བཞིན་པ་དང་། ཇི་ལྟར་བྱས་ཏེ་ཉེས་མེད་ཀྱི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་བཙོན་ར་ཁག་ཏུ་འཇུག་བཞིན་པ་བཅས་ཀྱི་གནས་ཚུལ་འཚོལ་བཤེར་བྱེད་རོགས་ཞེས་འབོད་སྐུལ་ཞུས།

ཁོ་མོས་མུ་མཐུད་དུ་མིག་སྤུ་མཛེས་བཟོ་བྱེད་ཞོར་དུ་རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོའི་ཁྱིམ་ཚང་ཁ་ཐོར་དགུ་ཐོར་དུ་བཏང་འདུག འདི་ནི་སྔོན་ཆད་ན་ཛི་རིང་ལུགས་འོག་ཏུ་ཡ་ཧུ་དཱ་རྣམས་དམར་གསོད་བཏང་བའི་གནས་སྟངས་དང་གཅིག་པ་རེད། འོན་ཀྱང་ཞིན་ཅང་གི་གནས་ཚུལ་འདི་གླེང་མཁན་གཏན་ནས་མེད་པས་བརྙན་ཐུང་འདིར་ལྟ་མཁན་ཚོས་གནད་དོན་འདིར་དོ་སྣང་བྱེད་རོགས་ཞེས་འབོད་སྐུལ་ཞུས་འདུག ཁོ་མོས་དྲྭ་ལམ་དུ་བཞག་པའི་བརྙན་ཐུང་འདིར་མི་ས་ཡ་གཅིག་དང་འབུམ་ལྔས་བལྟས་ཡོད་པའི་གྲས་སུ་མི་འབུམ་ལྔས་བརྙན་ཐུང་འདིར་དྲྭ་ལམ་དུ་དགའ་རྟགས་སྤྲད། འདི་ལ་གཤམ་མཆན་གྱི་དཔྱད་བརྗོད་འབུམ་དྲུག་ལྷག་སྤེལ་འདུག

བརྙན་ཐུང་འདི་ཊོས་ཊར་དྲྭ་ལམ་དུ་སྤེལ་ཡོད་པར་མི་ས་ཡ་དྲུག་དང་འབུམ་ལྔས་བལྟས་འདུག ཨ་རི་བ་བུ་མོ་དེས་གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བཤད་བྱས་དུས་རང་ཉིད་ཁ་ཆེའི་བུ་མོ་ཞིག་ཡིན་པའི་ཆ་ནས་ངས་རང་གི་མི་རིགས་ལ་གཉའ་གནོན་འཕོག་གི་ཡོད་པ་མཐོང་བའི་སྟབས་ཀྱིས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད། རྒྱ་ནག་གི་ཊེ་ཁི་ཊོ་ཁིའམ། ཏིག་དབྱིན་ཞེས་འབོད་བཞིན་པའི་དྲྭ་རྒྱའི་བརྒྱུད་ལམ་འདི་བེད་སྤྱོད་གཏོང་མཁན་ཚོར་རྒྱ་ནག་ནང་ཁུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། བདུན་ཕྲག་སྔོན་མའི་ནང་དུ་ཨ་རིའི་སྐམ་དམག་གི་དམག་དཔོན་རོན་མཱི་ཁའ་སེས་ཏིག་དབྱིན་དྲྭ་ལམ་འདིར་ཨ་རིའི་ནང་དུ་བདེ་འཇགས་ཀྱི་ངོས་ནས་བརྟག་དཔྱད་བྱ་དགོས་ཞེས་གསར་འགོད་པར་བཤད་འདུག

སྤྱིར་ཏིག་དབྱིན་བརྒྱུད་ལམ་འདིར་རྒྱ་ནག་ནང་ཁུལ་དུ་བེད་སྤྱོད་གཏོང་རྒྱུའི་རིགས་ཤིག་དང་། རྒྱལ་སྤྱིའི་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་བཅས་རིགས་གཉིས་ཡོད་ཅིང་། བརྒྱུད་ལམ་འདིར་བདག་གཉེར་བྱེད་མཁན་གྱིས་རྒྱལ་སྤྱིའི་ཐོག་ཏུ་བེད་སྤྱོད་གཏོང་བཞིན་པའི་བརྒྱུད་ལམ་འདིར་རྒྱ་ནག་གཞུང་གིས་ཚོད་འཛིན་དང་ཐེ་གཏོགས་བྱེད་ཀྱི་མེད་པའི་ཁས་ལེན་དམ་བཅའ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་སྡེ་ཚན་ཁག་གིས་མུ་མཐུད་དུ་བརྒྱུད་ལམ་འདིར་བརྟག་དཔྱད་བྱ་དགོས་པའི་དགོས་འདུན་བཏོན།

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ལོ་འདིའི་དབྱར་དུས་ནས་བཟུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་བེད་སྤྱོད་གཏོང་བཞིན་པའི་ཏིིག་དབྱིན་དྲྭ་རྒྱའི་འགན་འཛིན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་ཉམས་ཞིབ་སྡེ་ཚན་བརྒྱུད་ནས་རང་གི་བརྒྱུད་ལམ་དུ་མི་སྒེར་གྱི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་བྱེད་ཚད་བཅས་ལ་ཞིབ་བཤེར་བྱེད་དུ་བཅུག་འདུག ཁོ་ཚོའི་བཟོ་ཚོང་ཁང་གིས་ཏིག་དབྱིན་བེད་སྤྱོད་གཏོང་མཁན་གྱི་ཨ་རིའི་མི་རྣམས་ཀྱི་དྲྭ་ལམ་གྱི་རྒྱུ་ཆ་དག་ཨ་རིའི་ནང་དུ་ཉར་ཡོད། དེ་བཞིན་སིངྒ་པུར་ལ་དེའི་ཆ་ཤས་ཤིག་ཡོད་པ་མ་གཏོགས། རྒྱ་ནག་གཞུང་ལ་བཟོ་ཚོང་ཁང་དེའི་ཁྲིམས་དབང་ཅི་ཡང་མེད་ཅེས་གསལ་བཤད་བྱས་འདུག

XS
SM
MD
LG