ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་སློབ་གྲྭ་ཆེན་མོ་ཉེན་རྟོག་པས་བསྐོར།


༄༅།། ཧོང་ཀོང་སློབ་གྲྭ་ཆེན་མོའི་མཐའ་བཞིམངའ་ཁུལ་དེའི་དྲག་ཆས་སྤྲས་པའི་ཉེན་རྟོག་པས་ཡོངས་སུ་བསྐོར། རྨས་སྐྱོན་ཕོག་པའི་སློབ་ཕྲུག་༤༠་ཡས་མས་ཤིག་སྨན་ཁང་ལ་བཏང་ནས་སྨན་བཅོས་བྱེད་དུ་འཇུག་གི་ཡོད་ཀྱང་ཕྱིས་སུ་སློབ་ཕྲུག་དེ་ཚོ་འཛིན་བཟུང་བྱ་སྲིད་པའི་ཉེན་ཀ་ཆེ། སློབ་ཕྲུག་གི་འགོ་ཁྲིད་ཁག་ཅིག་ཆུ་རྐའི་ནང་དུ་འཛུལ་ནས་བྲོས་པ་དང་ཟམ་པའི་ཐོག་ནས་མར་འཕྱངས་ཏེ་བྲོས་པ་སོགས་ཐབས་ལམ་སྣ་ཚོགས་ཤིག་བསྟེན་ནས་ཐར་ཐབས་བྱེད་ཀྱི་ཡོད་ཀྱང་སློབ་ཕྲུག་བཅུ་ཕྲག་མང་པོ་ཧོང་ཀོང་གི་ཉེན་རྟོག་པས་སྡེབ་འཛིན་བྱས་ནས་ལག་པ་རྒྱབ་ཏུ་བསྡམས། གསར་འགོད་པ་མིན་པའི་མི་གཅིག་ཀྱང་སློབ་ཆེན་དེ་ནས་ཕྱི་ལ་ཐོན་ན་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུ་དེར་གཡོལ་ཐབས་བྲལ། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ལྟོགས་སྡུག་མྱོང་བཞིན་པའི་སློབ་ཕྲུག་ལོ་ཆུང་རྣམས་རང་ཁྱིམ་དུ་འགྲོ་རུ་ཆུགས། སློབ་ཕྲུག་གཞན་རྣམས་འཛིན་བཟུང་བྱ་དགོས་ཞེས་བཀའ་བཏང་འདུག ཧོང་ཀོང་གི་ཉེན་རྟོག་པས་གསར་འགོད་པར་སློབ་ཕྲུག་ཚོས་འཐབ་རྒོལ་མ་བྱས་པར་མགོ་སྒུར་ན་ཉེས་ཆད་ཡང་མོ་གཅོད་ཆོག ཡིན་ནའང་ཚུར་རྒོལ་དང་ངོ་རྒོལ་ལས་འགུལ་མཐའ་འཁྱོངས་བྱེད་མཁན་ཚོར་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་དྲག་པོ་གཅོད་དགོས་ཀྱི་རེད་ཅེས་བཤད།

ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ཚང་ཡོཀ་སིང་དང་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་མཁས་པ་ཁྲུང་ཐེ་མཱིང་གཉིས་ློབ་ཆེན་དེར་ཕེབས་ནས་སློབ་ཕྲུག་ཕྱི་ལ་ཡོང་འདོད་ཡོད་པ་ཚོར་རོགས་ཕན་བསྒྲུབས། ཧོང་ཀོང་གི་སྒེར་གཉེར་ཚོགས་པ་མང་པོ་ཞིག་གིས་སློབ་ཕྲུག་དང་ཉེན་རྟོག་པ་ཚོར་བར་འདུམ་བྱས་ནས་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་ཐུབ་པའི་འབད་བརྩོན་བྱས་ཀྱང་ད་སྔ་ཐབས་ལམ་བཟང་པོ་ཞིག་མ་རྙེདཧོང་ཀོང་སློབ་གྲྭ་ཆེན་མོའི་འགན་འཛིན་རྣམ་པ་དང་དགེ་རྒནཕ་མ་ཚོ་དང་གྲོས་ཚོགས་འཐུས་མི་རྣམས་སློབ་ཆེན་དེར་འཛུལ་ཞུགས་བྱ་ཐབས་བྱས་ཀྱང་ཉེན་རྟོག་པས་བཀག་ནས་སློབ་ཕྲུག་ཚོར་ཐུག་ཏུ་འཇུག་གི་མེད་ཅིང་། གཟའ་མིག་དམར་ཉིན་གྱི་མཚན་མོར་ངོ་རྒོལ་བ་སྟོང་ཕྲག་མང་པོ་ས་གནས་ཁག་གཉིས་སུ་འདུས་ནས་ཉེན་རྟོག་པས་ཧོང་ཀོང་སློབ་གྲྭ་ཆེན་མོ་མཐའ་བསྐོར་ཡོད་པ་དེ་ནས་ཕྱིར་འཐེན་བྱེད་དུ་འཇུག་རྒྱུའི་ངོ་རྒོལ་ལས་འགུལ་སྤེལ། མདང་དགོང་མཚན་ཧྲིལ་པོར་ཉེན་རྟོག་པས་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་གི་མདེའུ་བརྫངས་ནས་མེ་མདའ་བརྒྱབ། མི་མང་ངོ་རྒོལ་བ་ཚོས་ས་སྣུམ་གྱི་འབར་མདེལ་གཡུགས་ནས་རྒོལ་ལན་སློག དགོང་མོའི་ཆུ་ཚོད་༡༠་ཡས་མས་སུ་མི་༡༡༦་ལ་རྨས་སྐྱོན་ཕོག་པ་དང་ཁ་སྔོན་གཟའ་ཉི་མའི་དགོང་མོ་ནས་ད་ལྟའི་བར་དུ་མི་༤༠༠་ལྷག་འཛིན་བཟུང་བྱས་ཤིང་། ད་ལོའི་ཕྱི་ཟླ་༦་པར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མགོ་བརྩམས་ནས་བཟུང་། ད་ལྟའི་བར་དུ་ཧོང་ཀོང་གཞུང་གིས་མི་༤༥༠༠་ལྷག་འཛིན་བཟུང་བྱས་འདུག

ཧོང་ཀོང་གི་སྤྱི་ཁྱབ་དྲུང་ཆེ་ཁྲེང་ཀིན་ཁྲུང་གིས་ས་གནས་དེའི་ངོ་རྒོལ་ལས་འགུལ་གྱི་ངོ་བོར་འགྱུར་བ་ཐེབས་ཀྱི་འདུག ཐོག་མར་ཧོང་ཀོང་གཞུང་གིས་རྩིས་སྤྲོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཕྱིར་བསྡུ་བྱ་དགོས་ཞེས་ངོ་རྒོལ་ལས་འགུལ་འདི་མགོ་བརྩམས་པ་རེད། ད་ལྟ་ངོ་རྒོལ་ལས་འགུལ་འདི་ཧོང་ཀོང་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་གྱི་ངོ་བོ་ཞིག་ལ་འགྱུར་གྱིན་འདུག་ཅེས་སྐྱོན་བཙུགས། ཧོང་ཀོང་གི་ཉེན་རྟོག་པས་མཐའ་སྐོར་ཡོད་པའི་སློབ་ཆེན་དེའི་སློབ་ཕྲུག་ཕལ་མོ་ཆེ་ལོ་ན་༢༠་མན་ཆད་དང་མཐོ་འབྲིང་སློབ་གྲྭའི་སློབ་ཕྲུག་ཡིན་པས་ཕ་མ་མང་པོ་ཞིག་ལ་སེམས་ཁྲལ་ལངས་ནས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་སུ་སྡེབ་ཚོགས་ཀྱིས་སར་བསྡད་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ཉེན་རྟོག་པས་སློབ་ཆེན་དེ་མཐའ་སྐོར་ཡོད་པ་དེ་ནས་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་དབེན། ཨ་མ་ཞིག་གི་མིག་ཆུ་གཏོང་བཞིན་རང་གི་བུ་ལ་རྨས་སྐྱོན་ཕོག་ནས་རྒྱལ་མོ་ཨ་ལི་ཛ་བྷེ་ཐེའི་སྨན་ཁང་དུ་སྐྱེལ་འདུག་ཟེར་པར་འཚོལ་ཞིབ་བྱེད་དུ་བརྒྱུགས་པར་མ་ཟད། སློབ་ཕྲུག་དེའི་དགེ་རྒན་དང་སློབ་གྲོགས་ཚོས་བུ་དེར་རྨས་སྐྱོན་ཚབས་ཆེན་ཕོག་འདུག་ཅེས་ཨ་མ་དེར་བཤད་ཀྱང་ཁོ་པ་སློབ་ཆེན་ནས་ཐར་ཏེ་སྨན་ཁང་དུ་སླེབས་ཐུབ་ཡོད་མེད་ཤེས་རྟོགས་དཀའ། ཨ་མ་དེས་གསར་འགོད་པར་གཟའ་ཉི་མར་ང་ལས་ཀར་མ་སོང་གོང་དེར་བུ་ཁྱིམ་དུ་བསྡད་ཡོད། ཁོ་པ་གང་དུ་ཕྱིན་མིན་ངས་རྟོགས་ཀྱི་མི་འདུག ངའི་བུ་ཁྱིམ་དུ་ལོག་སླེབས་མ་སོང་། ཁོ་པ་ལོ་༡༧་ཡིན་པ་དང་རྨས་སྐྱོན་ཕོག་ཡོད་པར་སྨན་བཅོས་བྱེད་མ་ཐུབ་ན་དྲག་སྐྱེད་འབྱུང་མི་སྲིད། ཁོ་པ་རྨས་སྐྱོན་ཕོག་ནས་འཆི་རྒྱུའི་ཚབ་ཏུ་འཛིན་བཟུང་བྱེད་དུ་བཅུག་ན་ལེགས་ཞེས་བཤད། སྨན་ཁང་གི་ལས་སྣེ་ཚོས་སློབ་ཕྲུག་དེ་འདྲ་ཞིག་ལ་སྨན་བཅོས་བྱས་པའི་ཟིན་ཐོ་བཀོད་མི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།

ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ཚང་ཡོཀ་སིང་དང་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་མཁས་པ་ཁྲུང་ཐེ་མཱིང་གཉིས་ཀྱིས་དང་བླངས་པ་ཁག་ཅིག་ལ་ཐུག་འཕྲད་ཀྱིས་སློབ་ཕྲུག་ཚོ་ཕྱི་ལ་ལེན་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོ་ཚོས་སློབ་ཕྲུག་དེ་ཚོ་སློབ་ཆེན་ནས་ཕྱི་ལ་སླེབས་མ་ཐག་ཏུ་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུ་མིན་པའི་ཁག་ཐེག་བྱེད་ཐུབ་ཀྱི་མེད་ཅིང་། སློབ་ཕྲུག་ཚོའི་བསམ་བློའི་ནང་དུ་ཉེན་རྟོག་པར་འཛིན་བཟུང་བྱེད་དུ་བཅུག་པ་ནི་མགོ་སྒུར་པ་རེད་བསམས་པའི་འདུ་ཤེས་ཤིག་བསྐྱེད། ཁྲིམས་ལུགས་མཁས་པ་ཁྲུང་ཐེ་མཱིང་གིས་སློབ་ཕྲུག་ཚོས་ཅུང་ཙམ་ལྷོད་པ་ནི་མགོ་སྒུར་པ་ཞིག་མིན། གལ་སྲིད་འཛིན་བཟུང་བྱས་པ་ཡིན་ན་སློབ་ཕྲུག་དེ་ཚོ་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་མིན་ལ་རྩོད་པ་རྒྱག་ཆོག་ཅེས་སློབ་སྟོན་བྱས་འདུག གྲོས་ཚོགས་འཐུས་མི་ཟུར་པ་ཚང་ཡོཀ་སིང་གིས་ཀྱང་སློབ་ཕྲུག་ཚོར་ང་ཚོ་མཉམ་དུ་ཕྱི་ལ་བུད་ན་ཁྱེད་རང་ཚོར་ཉེས་ཆད་ལྕི་མོ་གཅོད་དུ་མི་འཇུག་པའི་ཁག་ཐེག་བྱེད་ཆོག་ཅེས་བཤད། སློབ་ཕྲུག་གི་འགོ་ཁྲིད་ཚོས་སློབ་ཕྲུག་ཡོངས་ལ་གྲོས་བསྡུར་བྱ་དགོས་ཀྱི་འདུག་ཅེས་གྲོས་ཚོགས་འཐུས་མི་ཟུར་པ་དང་ཁྲིམས་ལུགས་མཁས་པ་དེའི་སློབ་སྟོན་ལ་མ་མཉན། ཧོང་ཀོང་སློབ་གྲྭ་ཆེན་མོ་ཉེན་རྟོག་པས་མཐའ་བསྐོར་ཡོད་པའི་གསར་འགྱུར་ནི་འཛམ་གླིང་ཡོངས་ལ་ཁྱབ། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་ཧ་ཅང་ལྟ་སྟངས་ངན་པ་ཞིག་ཡོང་གི་ཡོད་པ་སྟེ། དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཧོང་ཀོང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ང་ཚོ་བློ་འཚབ་ཆེན་པོ་ཡོད། རྨས་སྐྱོན་ཕོག་པའི་སློབ་ཕྲུག་ཚོར་འཕྲལ་དུ་སྨན་བཅོས་བྱེད་དུ་འཇུག་དགོས། སློབ་ཆེན་དེ་ནས་ཕྱི་ལ་འབུད་འདོད་ཡོད་མཁན་ཚོར་ཉེན་ཀ་མེད་པར་ཕྱི་ལ་འབུད་དུ་འཇུག་དགོས། ཧོང་ཀོང་གི་ཕྱོགས་ཁག་ཚང་མས་ཆབ་སྲིད་ཀྱི་གྲོས་མོལ་བྱས་ནས་ཛ་དྲག་ཞི་འཇམ་དུ་གཏོང་དགོས་ཞེས་ནན་སྐུལ་བྱས་འདུག

དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་འཇིགས་སྐུལ་རིང་ལུགས་པའི་དྲག་ཟིང་ཞིག་རེད། ཧོང་ཀོང་རང་བཙན་བྱ་དགོས་ཟེར་མཁན་ཚོར་དབྱིན་ཇིའི་སྲིད་དོན་པ་ཚོས་ཁ་རྡུང་དྲག་པོ་གཏོང་དགོས། རྒྱ་ནག་ལ་ཧོང་ཀོང་གི་ཟིང་འཁྲུག་ཞོད་འཇགས་གཏོང་ཐུབ་པའི་སྟོབས་ཤུགས་ལྡན་པ་དང་སེམས་ཐག་ཀྱང་བརྟན་པོ་བཙུགས་ཡོདགལ་སྲིད་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་སྟངས་འཛིན་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ན་རྒྱ་ནག་དབུས་གཞུང་གིས་ལྟད་མོར་བལྟས་ནས་ནམ་ཡང་སྡོད་མི་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་སློབ་ཕྲུག་ལོ་ན་༡༨་མན་ཆད་རྣམས་ཕ་མའི་མཉམ་དུ་རང་ཁྱིམ་ལ་ཕྱིར་ལོག་བྱེད་ཆོག་ཟེར་གྱི་ཡོད་ཀྱང་ཕྱིས་སུ་སློབ་ཕྲུག་དེ་ཚོར་ནག་ཉེས་བཙུགས་ནས་ཁྲིམས་གཅོད་མི་བྱེད་པའི་ངེས་པ་མེད། སློབ་ཕྲུག་གང་ཞིག་གིས་ཉེན་རྟོག་པར་མགོ་མ་སྒུར་པར་བྲོས་བྱོལ་དུ་ཕྱིན་པའམ། ཡང་ན་ཕྱིས་སུ་སློབ་ཕྲུག་དེ་ཉེན་རྟོག་པས་འཛིན་བཟུང་བྱས་ན་ལོ་བཅུ་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཀ་ཡོད། ཧོང་ཀོང་སློབ་གྲྭ་ཆེན་མོར་སྤྱི་ཚོགས་ཞབས་ཞུ་བ་དང་སྨན་གཡོག་མི་ཉུང་ཤས་ཤིག་སློབ་ཕྲུག་ཚོའི་མཉམ་དུ་ཡོད་ཀྱང་ཉེན་རྟོག་པས་མཐའ་བཞི་བསྐོར་ཡོད་པས་བཟའ་བཏུང་དང་དེ་མིན་གྱི་མཁོ་ཆས་རྣམས་སློབ་ཕྲུག་ཚོར་སྐྱེལ་འདྲེན་བྱེད་ཀྱི་མེད་ཅིང་། ཧོང་ཀོང་གཞུང་གིས་སློབ་ཕྲུག་ཚོར་བཟའ་བཏུང་སྤྲོད་དུ་མ་བཅུག་ན་བཀྲེས་ལྟོགས་དང་སྐོམ་གདུང་སོགས་ཀྱི་དཀའ་ངལ་འོག་ཏུ་སློབ་ཕྲུག་ཚོས་མགོ་སྒུར་ནས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ངོ་རྒོལ་མཇུག་བསྒྲིལ་ཐུབ་པའི་རྩིས་རྒྱག་གི་ཡོད་པ་རེད།

XS
SM
MD
LG