ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་མོན་གྷོ་ཌིར་ཆིབས་སྒྱུར་བསྐྱང་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོའི་ཕྱི་ཟླ་༡༢་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་བོ་དགེ་ལྡན་པའི་མ་དགོན་ཏེ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ཧྲིལ་པོ་༦༠༠་འཁོར་བའི་རྗེས་དྲན་གྱི་དབུ་བཞུགས་མཛད་སྒོར་ཆིབས་སྒྱུར་བསྐྱང་འཆར་ཡོད་པའི་གསལ་བསྒྲགས་སྤེལ་འདུག སྔོན་མའི་འཆར་གཞི་ལྟར་ན་༧གོང་ས་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སེ་ར་ཐེག་ཆེན་གླིང་དང་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་གཉིས་སུའང་ཆིབས་སྒྱུར་བསྐྱང་འཆར་ཡོད་ཀྱང་དུས་ཚེས་སོགས་ད་དུང་གཏན་ཁེལ་མེད་པ་རེད།

ཉེ་ཆར་རྒྱུད་སྟོད་གྲྭ་ཚང་དུ་༧གོང་ས་མཆོག་གིས་ཧུན་སུར་རབ་རྒྱས་གླིང་དུ་གཞིས་ཚུགས་པའི་རྒྱུད་སྨད་གྲྭ་ཚང་ལ་ཆིབས་སྒྱུར་བསྐྱང་རྒྱུ་ཞལ་བཞེས་གནང་ཡོད་པ་བཞིན་འདི་གའི་གསར་འགོད་པས་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་དབང་འདུས་ལ་༧གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་མཛད་འཆར་གྱི་དུས་ཚེས་སོགས་གཏན་ཁེལ་བྱུང་ཡོད་མེད་བཅར་འདྲི་ཞུས་པར་རྒྱུད་སྨད་མཁན་རིན་པོ་ཆེས་༧གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་གཙང་མ་ཐོབ་ཀྱང་ལོ་རྗེས་མའི་ཕྱི་ཟླ་དང་པོའི་རྗེས་ལ་མ་གཏོགས་ཆིབས་སྒྱུར་གནང་ཐུབ་ཀྱི་མི་འདུག་ཅེས་ཉེ་ཆར་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་སྣེ་ཚོའི་བཀའ་ཕེབས་སོང་ཞེས་གསུངས་བྱུང་བར་མ་ཟད། མཁན་རིན་པོ་ཆེས་༧གོང་ས་མཆོག་འདི་གར་ཆིབས་སྒྱུར་བསྐྱང་བའི་སྐབས་སུ་རྒྱུད་སྨད་གྲྭ་ཚང་གིས་སྔར་སྲོལ་ཐུན་མོང་མ་ཡིན་པའི་བརྟན་བཞུགས་ཤིག་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་ཡོད་པ་ལས་དེ་མིན་གྱི་ཆོས་འབྲེལ་ཅི་ཞིག་གནང་མིན་ནི་༧གོང་ས་མཆོག་རང་ནས་དགོངས་དཔྱད་ཀྱིས་གནང་གི་ཡོད་ཅེས་གསུང་གི་འདུག

འདི་དང་ཕྱོགས་མཚུངས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༢་པའི་ཚེས་༡༢ ཉིན་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་དེ་ཕྱི་ཚེས་༢༢ བར་དུ་ཉིན་༡༠་ལ་མཛད་འཕྲིན་རྒྱ་ཆེན་ཞིག་བསྐྱང་འཆར་ཡོད་པ་སྟེ། ཕྱི་ཚེས་༡༢ ནས་ཕྱི་ཚེས་༡༧་བར་དུ་གདན་ས་འབྲས་སྤུངས་སུ་བཞུགས་ཞག་གནང་སྟེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་འཇམ་དབྱངས་ཆོས་འཁོར་བའི་བཀའ་ཆོས་གནང་རྒྱུའི་མཛད་འཆར་ཡོད་ཅིང་། ཕྱི་ཚེས་༡༨་ནས་ཚེས་༢༣་བར་དུ་དགའ་ལྡན་དུ་བཞུགས་ཞག་གིས་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཞབས་སོར་འཁོད་རྒྱུ། ཕྱི་ཚེས་༢༤་ཉིན་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་ཞལ་བསྒྱུར་གྱི་རེད་ཅེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ཀྱིས་གསུངས་བྱུང་།།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན་ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་སྐབས་གདན་ས་སེ་འབྲས་དགེ་གསུམ་གྱིས་མཚོན་པའི་ཕྱོགས་མཐའ་ཁག་ནས་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཧ་ཅང་མང་པོ་ཞིག་འདུ་རྒྱུ་ཡིན་སྟབས་ཁང་པ་མངགས་མཁན་ཡང་སྔོན་དང་མི་འདྲ་བའི་མང་བ་ཡོད་ཅིང་། མོན་གྷོ་ས་གནས་ཀྱི་མགྲོན་ཁང་ཡོངས་རྫོགས་སྔ་མོ་ནས་མངགས་ཟིན་སྟབས། ད་དུང་གཞིས་གྲོང་ཁག་ཏུའང་ཁང་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག ད་ལྟའི་ཆར་འབྲེལ་ཡོད་ཆིབས་སྒྱུར་གོ་སྒྲིག་པ་དང་གྲ་སྒྲིག་གི་ལས་དོན་ཁག་མུ་མཐུད་སྒྲུབ་བཞིན་ཡོད་འདུག

XS
SM
MD
LG