ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་དམངས་གཙོའི་རྒྱབ་སྐྱོར་ལ་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོ་ཧོང་ཀོང་གི་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་དགོས་པའི་གླེང་སློང་བྱུང་བ་དང་མི་མང་གི་ངོ་རྒོལ་ལས་འགུལ་གྱི་ཛ་དྲག་ཆེ་རུ་ཕྱིན་པའི་རྐྱེན་གྱིས་སྤྱི་ཟླ་༩་པའི་ཚེ་༢༥་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཁག་གིས་སྔ་རྗེས་སུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བྱེད་ཆོག་ཅེས་འོས་ཤོག་འཕངས། ཁྲིམས་གཞི་དེར་ཧོང་ཀོང་གི་དམིགས་བསལ་འཛིན་སྐྱོང་འོག་ཏུ་མངའ་ཁུལ་དེའི་མི་དམངས་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་རྣམས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་མེད་ལ་ཨ་རིས་ལོ་ལྟར་བསྐྱར་ཞིབ་བྱ་དགོས། ཧོང་ཀོང་གི་རང་སྐྱོང་དང་ཁྲིམས་སྐྱོང་དབང་ཆར་དོ་ཕོག་གཏོང་མཁན་གྱི་གཞུང་གི་འགོ་ཁྲིད་སོགས་ཨ་རིར་ཡོང་མི་ཆོག་པའི་བཀག་འགོག་བྱས་ཏེ་ཉེས་ཆད་གཅོད་དགོས་ཞེས་བཀོད།

ཉེ་ཆར་ཨ་རིའི་གཞུང་གི་ཤར་ཨེ་ཤི་ཡ་ཤར་ལས་དོན་གྱི་དམིགས་བསལ་འགན་འཛིན་སུ་ཟན་ཟོར་ཊོན་ཞེས་པ་ཞིག་གིས་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཞིང་། ཁྲིམས་གཞི་འདི་ལ་རྐྱེན་བྱས་ནས་མ་འོངས་པར་ཧོང་ཀོང་མི་དམངས་ལ་གནོད་པ་འབྱུང་ངེས་ཡིན་ཅེས་བཤད་པ་རྣམས་ལྷོ་རྒྱ་ནག་ཞོགས་པའི་ཚགས་ཤོག་གི་སྟེང་དུ་བཀོད་ཡོད་པ་སྟེ། ཁོ་མོས་ཁྲིམས་གཞི་འདི་ལག་བསྟར་བྱས་པ་ཡིན་ན་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་ལ་བརྩི་འཇོག་མ་བྱས་པར་གྱུར། དེར་བརྟེན་མི་ཉེས་མེད་ལ་ཉེས་ཆད་གཅོད་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ཁྲིམས་གཞི་འདི་པེ་ཅིང་གཞུང་གི་འདོད་ཐོག་ཏུ་འགྲོ་ངེས་ཀྱི་ཁྲིམས་གཞི་ཞིག་ལ་འགྱུར་སྲིད། ངས་ཨ་རིའི་གྲོས་ཚོགས་ཀྱིས་འདི་ལྟར་ཐག་གཅོད་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་གཏན་ནས་ཤེས་རྟོགས་མི་ཐུབ་ཅེས་སྐྱོན་བརྗོད་བྱས་འདུག

ཨ་རིའི་གཞུང་གི་ལྷོ་ཤར་ཨེ་ཤི་ཡའི་དམིགས་བསལ་འགན་འཛིན་ཟུར་པ་ སུ་ཟན་སོའུ་ཟོར་ཊོན་གྱིས་སྔོན་ཆད་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཞིབ་འཇུག་ཁང་དུ་སྲི་ཞུ་བསྒྲུབས་ཏེ་རྒྱ་མི་རིགས་ལ་འབྲེལ་འདྲིས་རྒྱུན་རིང་བྱས་མྱོང་ཡོད་མོད། འོན་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷིའོ་སོགས་ཀྱིས་ཨ་མི་རི་ཀས་པེ་ཅིང་གི་སྟེང་དུ་འཛིན་པའི་ལངས་ཕྱོགས་གཉོམ་དྲགས་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཁོ་མོས་༢༠༡༨་ཀྱི་ལོ་མཇུག་ཏུ་གཞུང་གི་ལས་གནས་ནས་དགོངས་པ་ཞུས་འདུག ད་ལོའི་སྤྱི་ཟླ་༦་པར་སུ་ཟན་ཟོར་ཊོན་སོགས་ཨ་རིའི་ཨེ་ཤི་ཡའི་ལས་དོན་གྱི་ཆེད་མཁས་མི་བཅུ་གྲངས་ཤིག་གིས་ཡོངས་བསྒྲགས་ཀྱི་ཞུ་ཡིག་ཅིག་བྲིས་ཏེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་དགྲ་བོའི་ལྟ་སྟངས་འཛིན་བཞིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས། སྲིད་ཇུས་འདིས་མ་འོངས་པར་ཨ་རིའི་ཁེ་ཕན་ལ་གནོད་རྒྱུ་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་གནོད་པ་ཆེན་པོ་འབྱུང་ཞེསས་འབོད་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སེ་སོགས་ཨ་རིའི་གྲོས་ཚོགས་གནད་ཡོད་མི་སྣ་ཁག་གིས་ཧོང་ཀོང་གི་ཁྲིམས་གཞི་འདིར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པས་ཉེ་ཆར་སྤྱི་ཟླ་༡༠་པའི་ཚེས་༧་ཉིན་རྒྱ་ནག་གཞུང་འབྲེལ་གྱི་ཚགས་ཤོག་གོ་ལའི་དུས་བབ་ཅེས་པའི་སྟེང་དུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་དཔྱད་བརྗོད་ཅིག་སྤེལ་ཡོད་པ་དེར་ནན་སི་ཕེ་ལོ་སི་དངོས་སུ་མིང་འདོན་བྱས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་བསམ་བཞིན་ཧོང་ཀོང་དུ་དྲག་ཟིང་ཤུགས་ཆེ་རུ་གཏོང་འདུག་ཅེས་བསྙོན་འཛུགས་བྱས་པ་དང་སྦྲགས། ཧོང་ཀོང་ས་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་ངོ་རྒོལ་བ་ཚོས་ངོ་ཁེབས་གྱོན་མི་ཆོག་པའི་ཛ་དྲག་ཁྲིམས་གཞི་བསྡམས་པ་ནི་ཧོང་ཀོང་མི་དམངས་ཀྱིས་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་དང་ཞི་བའི་འདུ་འཛོམས་ལ་བཀག་སྡོམ་བྱེད་པའི་ཆེད་དུ་མིན། ཁྲིམས་གཞི་འདིས་ཧོང་ཀོང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་དྲག་ཟིང་ཉུང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་སླར་གསོ་སོགས་ལ་ཕན་པ་ཡོད་ཚུལ་བཤད་འདུག

གཞན་ཡང་ཨ་རིའི་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་འདིར་ཧོང་ཀོང་གི་སྤྱི་ཚོགས་རིག་པའི་དགེ་རྒན་ཆེན་པོ་ཚུའི་ཏ་ཝེས་དཔྱད་བརྗོད་སྤེལ་ནས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱུང་བའི་ཧོང་ཀོང་གི་འགྲོ་བ་མིའི་ཐོང་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་འདི་དངོས་སུ་ལག་བསྟར་བྱ་རྒྱུར་ཨ་རིར་མཚོན་ན་དཀའ་ངལ་ཆེན་པོ་གཉིས་ཡོད་ཅིང་། དཀའ་ངལ་གཅིག་ནི་ཁྲིམས་གཞི་འདི་དངོས་སུ་ལག་བསྟར་བྱས་ཚེ་རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱ་རྒྱུའི་ཉེན་ཁ་ཡོད། གལ་ཏེ་ཁྲིམས་གཞི་འདི་ལག་བསྟར་མ་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དྲག་གནོན་བྱ་རྒྱུར་ཕྱིའི་འགོག་རྐྱེན་ཅི་ཡང་མེད་པར་འགྱུར་རྒྱུ་ཡིན་པས་རྒྱ་ནག་གིས་གང་འདོད་བྱེད་སྲིད་པའི་ཉེན་ཁ་འདུག་ཅེས་དབྱེ་ཞིབ་བྱས་འདུག

XS
SM
MD
LG