ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རི་དྭགས་བསད་པར་དོགས་སློང་དང་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཚེས་༡༢་ཉིན་སྐད་འཕྲིན་དང་པོད་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་སྐད་བཤད་བཞིན་པའི་མི་སྐོར་ཞིག་གིས་ས་གནས་གང་ཡིན་གསལ་པོར་མི་ཤེས་པའི་རྩྭ་ཐང་ཞིག་ཏུ་རླངས་འཁོར་བསྐོར་ནས་རི་དྭགས་བདའ་སྟེ་རྔོན་རྒྱག་གི་ཡོད་པའི་བརྙན་ཐུང་ཞིག་བཀྲམ། རི་དྭགས་གཉིས་བསད་ཡོད་པའི་མཐའ་འཁོར་དུ་མི་སྐོར་ཞིག་གིས་རྒྱ་སྐད་བཤད་བཞིན་པའི་བརྙན་ཐུང་གཉིས་དྲྭ་ལམ་དུ་ས་ཁྱབ་རྡོ་ཁྱབ་བྱུང་ཞིང་། དྲྭ་ལམ་གྱི་མི་ཚོས་རི་དྭགས་དེ་རྣམས་གཙོད་ཡིན་པ་དང་ས་གནས་དེ་ནི་བོད་ཀྱི་ས་ཆ་ཞིག་རེད་ཅེས་གླེང་སློང་གིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་འོག་ཏུ་ཡོད་པའི་རི་དྭགས་གང་བྱུང་དུ་བསད་པར་སྐྱོན་བརྗོད་བྱས་འདུག

བརྙན་ཐུང་དེ་དྲྭ་ལམ་དུ་འགོད་མཁན་དང་སྐད་འཕྲིན་ཚོགས་པ་སོགས་སུ་བརྒྱུད་སྐུར་བྱེད་མཁན་གྱི་མི་གྲངས་ཧ་ཅང་མང་བའི་སྟབས་ཀྱིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་པའི་སྐད་འཕྲིན་འཕྲིན་སྟེགས་ཀྱི་དྲྭ་ལམ་དུ་གནས་ཚུལ་དེར་གསལ་བཤད་བྱས་འདུག གསལ་བཤད་དེར་དྲྭ་ལམ་དུ་མི་ཁག་ཅིག་གིས་རླངས་འཁོར་བསྐོར་ནས་རི་སྐྱེས་སྲོག་ཆགས་རྔོན་བཞིན་པའི་བརྙན་ཐུང་ཞིག་སྤེལ་བཞིན་པ་ནི་བོད་ཀྱི་ས་ཐོག་ཡིན་པ་དང་རི་དྭགས་དེ་དག་གཙོད་ཡིན་པ་སོགས་ཀྱི་དོགས་སློང་བྱེད་ཀྱི་ཡོད་པས་བོད་རང་ལྗོངས་ཀྱི་དྲྭ་རྒྱའི་ཉེན་རྟོག་པས་གནས་ཚུལ་དེ་མཐོང་མ་ཐག་ཏུ་བོད་རང་སྐྱོང་ལྗོངས་ནགས་ལས་ཁང་དང་རྩ་ཐང་དོ་དམ་ལས་ཁུངས། ནགས་ཚལ་སྲུང་སྐྱོབ་ཉེན་རྟོག་པ་སོགས་ལ་སྙན་ཞུ་ཕུལ་བ་ལྟར་ལས་ཁུངས་དེ་དག་གིས་བརྟག་དཔྱད་བྱས་པ་ཡིན། རྔོན་པས་བསད་པ་རེད་ཟེར་པའི་རི་དྭགས་དེ་དག་ནི་དྲྭ་ལམ་དུ་བཤད་པ་ལྟར་གྱི་རི་དྭགས་གཙོད་མིན་པར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་ཁོངས་སུ་གཏོགས་པའི་རི་དྭགས་དགོ་བ་རེད། རི་དྭགས་བསད་ཡོད་པའི་འཁྲིས་ཀྱི་རླངས་འཁོར་གྱི་ཨང་གྲངས་ལ་ཞིབ་བཤེར་བྱས་ན་རླངས་འཁོར་དེ་ནི་ཕྱི་སོག་གི་རླངས་འཁོར་ཞིག་རེད་ཅེས་འགྲེལ་བཤད་བྱས་འདུག

ད་ལྟའི་གནས་ཚུལ་འབྱུང་ཡུལ་དེ་དོན་དངོས་སུ་ས་ཆ་གང་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་མུ་མཐུད་དུ་རྩད་གཅོད་བྱེད་ཀྱི་ཡོད་པའི་འགྲེལ་བཤད་བརྒྱབ། འདི་དང་དུས་མཚུངས་སུ་དྲྭ་ལམ་དུ་ཞུགས་མཁན་ཚོས་གནས་ཚུལ་དེ་འུད་སྒྲོགས་མི་བྱེད་པ་དང་འཆལ་གཏམ་མི་སྤེལ་བ། ཐུན་མོང་གི་བདེ་འཇགས་དང་འཆམ་མཐུན། དཔལ་ཡོན་ལྡན་པ་དང་སྒྲིག་སྲོལ་ཡོད་པའི་དྲྭ་ལམ་གྱི་ཁོར་ཡུག་ཞིག་བསྐྲུན་དགོས་པའི་འབོད་སྐུལ་ཞུས་འདུག དྲྭ་ལམ་ཏུ་མི་མང་པོ་ཞིག་གིས་གོང་གི་རི་དྭགས་བསད་ཡོད་པའི་མཐའ་རུ་ཡོད་པའི་མི་དེ་དག་གིས་རྒྱ་སྐད་བཤད་བཞིན་པ་དང་རྒྱ་སྐད་དེ་དག་ཡུལ་ལུང་གཞན་གྱི་སྐད་གདངས་མ་འདྲེས་པར་རྒྱ་སྐད་དག་མ་བཤད་ཀྱི་ཡོད་པར་བརྟེན། རི་དྭགས་བསད་ཡོད་པའི་ས་གནས་དེ་སོག་ཡུལ་ཡིན་པར་ཡིད་ཆེས་བྱེད་ཐབས་མི་འདུག་ཅེས་པོད་ཕྲན་གྱི་བརྒྱུད་ལམ་དུ་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་བར་མ་ཟད། སོག་ཡུལ་ལ་མཚོན་ན་རི་དྭགས་རྔོན་པར་གཞུང་གི་ཆོག་མཆན་ཞུ་དགོས་པ་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་རྣམས་རྔོན་དགོས་ན་སྒོ་ང་རུམ་ཡོད་པའི་འདབ་ཆགས་ཀྱི་རིགས་དང་ཕྲུ་གུ་སྦྲུམ་ཡོད་པའི་རི་དྭགས་ཀྱི་རིགས། འཚར་སྐྱེ་འབྱུང་བཞིན་པའི་སྒང་ཡིན་པའི་རི་དྭགས་ཆུང་ཆུང་གི་རིགས། རི་དྭགས་ཀྱིས་རྒྱུད་སྤེལ་བྱེད་བཞིན་པའི་སྐབས་སོགས་སུ་རྔོན་མི་ཆོག་པའི་ཁྲིམས་བཅས་ཡོད་པ་ལུང་དྲངས།

དེ་རིང་དྲྭ་ལམ་དུ་བརྒྱུད་སྐུར་བྱེད་བཞིན་པའི་བརྙན་ཐུང་དེའི་ནང་གི་གནས་ཚུལ་བྱུང་ས་ནི་སོག་ཡུལ་ཡིན་མིན་ལ་མུ་མཐུད་དུ་དོགས་པ་བྱེད་མཁན་མང་པོ་འབྱུང་བཞིན་པ་དང་མི་སྐོར་ཞིག་གིས་གནས་ཚུལ་དེ་འབྱུང་ས་ཡུལ་ལུང་གང་ཡིན་ལ་མ་ལྟོས་པར་ཉེས་མེད་ཀྱི་རི་དྭགས་རྣམས་རྩེད་མོའི་ཆེད་དུ་གདུག་རྩུབ་ཀྱིས་བསད་རྨས་བྱས་པ་མི་ཆོས་ཀུན་སྤྱོད་ལ་མི་མཐུན་པར་ཀླ་ཀློ་དང་ཁྲེལ་མེད། བཟང་སྤྱོད་མེད་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་ཤིང་། རི་དྭགས་དགོ་བ་ནི་གཙོད་དང་འདྲ་བའི་རི་དྭགས་ཤིག་ཡིན། རི་དྭགས་འདི་ནག་ཆུ་དང་ཆབ་མདོ། མདོ་ལ་དང་མཚོ་སྔོན་པོའི་རྒྱུད་སོགས་བོད་ཀྱི་ས་ཆ་མང་པོར་ཡོད་པའི་རི་དྭགས་ཤིག་ཡིན། སྤྱི་ལོ་༢༠༡༢་ལོར་རི་དྭགས་འདི་འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་ཚོགས་པས་རིགས་རྒྱུད་སྟོང་ལ་ཉེ་བའི་གནས་སུ་ལྷུང་ཡོད་པའི་རི་དྭགས་ཀྱི་གྲས་སུ་བརྩིས་ཡོད་ཅེས་གནས་སྤེལ་བཞིན་འདུག

XS
SM
MD
LG