ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གླིང་སྒྲུང་གི་དཔེ་ཚོགས་ཆེན་མོ་གཉིས་དཔར་འགྲེམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཟླ་༧་པའི་ཟླ་མཇུག་ཏུ་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་ཞེས་པའི་པོད་སུམ་བརྒྱའི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཡང་ཕྱི་ཟླ་༨་པའི་ཚེས་༡༣་ཉིན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་ཞེས་པའི་དཔེ་ཚོགས་དེབ་ཕྲེང་བརྒྱ་དང་བཅོ་བརྒྱད་ཅན་ཞིག་ཐོན་ཡོད་པ་ནི་དུས་ཡུན་བདུན་ཕྲག་གཉིས་ཀྱི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེབ་ཀྱི་དཔེ་ཚོགས་ཆེན་པོ་གཉིས་སྔ་རྗེས་སུ་འགྲེམ་སྤེལ་བྱས་འདུག དཔེ་ཚོགས་དང་པོ་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་ནི་སི་ཁྲོན་ཞིང་ཆེན་ཏུ་ཡོད་པའི་སི་ཁྲོན་དཔེ་སྐྲུན་ཚོགས་པས་ཇུས་འགོད་དང་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་སྒྲུང་དཔེ་འཚོལ་བསྡུ་དང་ལེགས་སྒྲིག་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་ཏུ་དཔར་སྐྲུན་འགྲེམ་སྤེལ་བྱས་པ་ཞིག་རེད། འདི་ནི་ད་སྔ་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་སྒྲུང་དེབ་ཁག་གི་གྲས་སུ་ཆེས་འཐུས་སྒོ་ཚང་བའི་གླིང་སྒྲུང་གི་བོད་ཡིག་རིག་མཛོད་ཞིག་ཏུ་ངོས་འཛིན་བཞིན་ཡོད་ཅིང་། གླིང་སྒྲུང་ཀུན་འདུས་ཆེན་མོ་འདིར་གླིང་སྒྲུང་སྐོར་གྱི་ལག་བྲིས་སྣ་རིང་མ་དང་། ཤིང་དཔར་སྣ་རིང་མ། གནའ་བོའི་ལྕགས་པར་མ་དང་དེ་བཞིན་ཉེ་བའི་དུས་ཀྱི་བབས་སྒྲུང་གི་པར་གཞི་གསར་པ་སོགས་ལོ་བཅུའི་རིང་བསྡུ་སྒྲིག་བྱས་ཏེ་འཛམ་གླིང་སྟེང་གི་པར་གཞི་རྩ་ཆེ་བ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་པར་སྐྲུན་བྱས་འདུག སྒྲུང་དཔེའི་ནང་དོན་ཁག་གི་སྔ་ཕྱིའི་གོ་རིམ་སྒྲིག་སྟངས་ལ་གླིང་སྒྲུང་ལས་སྒྲུང་རྙིང་དང་བབས་སྒྲུང་། སྒྲུང་གསར་བཅས་ཀྱི་རིགས་གསུམ་བཀར་ཏེ་རེ་རེ་ལ་སྟོད་སྨད་བར་གསུམ་ཕྱེས་ཏེ་བསྡོམས་པའི་རིགས་སྣ་བདུན་དུ་བཀར་འདུག སི་ཁྲོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་གེ་སར་གྱི་ཐང་ག་དང་བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་གྱིས་བྲིས་པའི་གེ་སར་གྱི་རི་མོ་བཅུ་གཉིས་ཀྱང་སྒྲུང་སྣ་རེ་རེའི་མགོ་ལ་བཞག་སྟེ་མཉམ་དུ་དཔེ་སྐྲུན་བྱས་ཡོད་ཅེས་གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་སུ་གནས་ཚུལ་སྤེལ་ཐོན། ཡང་གླིང་སྒྲུང་གི་དཔེ་ཚོགས་ཏེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་ཞེས་པ་ནི་ཉེ་ཆར་སྤྱི་ཟླ་༨་པའི་ཚེས་༡༣་ཉིན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་འདི་ནི་དཀར་མཛེས་ཁུལ། སྡེ་དགེ་རྫོང་གིས་མཐུན་རྐྱེན་སྦྱར་ནས་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་ལོ་ཉི་ཤུའི་རིང་བསྡུ་སྒྲིག་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་ཞིག་རེད། དཔེ་ཚོགས་འདིར་ཆེས་སྔ་བའི་སྒྲུང་དཔེ་ལག་བྲིས་མ་དང་ཤིང་པར་མ་སོགས་པར་གཞི་དང་བྲིས་གཞི་མི་འདྲ་བའི་དཔེ་སྣ་༢༠༠་ཙམ་འདུས། དེའི་གྲས་སུ་སྒྲུང་རྙིང་ཏ་ལའི་ལོ་མར་བྲིས་པའི་རྒྱ་རོང་ཡུང་རྫོང་དང་ལྷོ་རོང་ནས་ལག་སོན་བྱུང་བའི་དཔེ་རྙིང་ལག་བྲིས་རྒྱ་གླིང་ཡིད་བཞིན་དབང་རྒྱལ། གཞན་ཡང་ཨུ་ཁྲིའི་འབྲས་རྫོང་དང་སྤུ་རི་ཤེལ་རྫོང་། འཛམ་བུའི་གསེར་རྫོང་། འདྲེ་གླིང་གཡུལ་འགྱེད། ཟི་མ་རྟ་རྫོང་། ཁ་ཆེའི་སྨན་རྫོང་ཆེན་མོ། རི་གླིང་གཡུལ་འགྱེད་ཆེན་མོ། མཐའ་རྫོང་ཆེན་མོ། ཐ་རམ་ནོར་བུའི་གཏེར་རྫོང་། བྲག་དཀར་སྤྲུལ་སྐུའི་བྲིས་དཔེ་ལས་བྱུང་བར་གསལ་བའི་དམྱལ་གླིང་འབྲུག་མོའི་མཐོང་སྣང་མ་ལྟ་བུས་མཚོན། སྒྲུང་དཔེ་ཀློག་མཁན་མང་ཤོས་ཀྱིས་མཐོང་མ་མྱོང་བའི་སྒྲུང་དཔེ་མང་པོ་ཡོད་པ་དང་། དཔེ་ཚོགས་འདིའི་ནང་དུ་དུས་རབས་༡༩་པ་ཡན་ཆད་ཀྱི་བོད་ཀྱི་ཡུལ་ལུང་སོ་སོའི་ཡིག་མཁན་ཚོས་བྲིས་པའི་ཡིག་གཟུགས་སྣ་ཚོགས་འདུས་པར་མ་ཟད། འགའ་ཞིག་སྔ་རབས་ཀྱི་སྒྲུང་མཁན་དངོས་ཀྱི་ཕྱག་བྲིས་སོགས་ཡོད་ཅིང་། སྒྲུང་དཔེ་མང་ཆེ་བ་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་སོ་སོའི་ཡུལ་སྐད་དང་ལུང་སྐད་དབང་བཙན་དུ་བྱས་ནས་བྲིས་པ་ཁོ་ན་ཡིན་པ་ལ་དག་བསྒྲིགས་དང་། བཅད་གཏུབ་ཀྱི་ལྷད་མ་ཕོག་པར་རང་སོར་བཞག་ཡོད་པ། དུས་རབས་མི་འདྲ་བ་དུ་མའི་ནང་བྱུང་བའི་སྒྲུང་སྣ་མི་འདྲ་བ་དང་། སྒྲུང་དཔེ་གཅིག་ལ་བྲིས་གཞི་མི་འདྲ་བའི་ཁྱད་ཆོས་ཡོད་པ་སོར་བཞག་བྱས་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞེས་གླིང་གེ་སར་རིག་གནས་དྲྭ་བའི་དྲྭ་དྲ་ཚིགས་སུ་གནས་ཚུལ་སྤེལ་འདུག

XS
SM
MD
LG