ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་པར་ཁྱབ་བསྒྲགས།


༄༅།། ཕྱི་ཟླ་༨་ཚེས་༥་ཉིན་རྒྱ་ནག་གི་དབུས་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བཅག་པ་དང་ཕྱི་ཟླ་༨་ཚེས་༦་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཊིབ་མ་ནུ་ཆིན་གྱིས་རྒྱ་ནག་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་ཀྱི་འདུག ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་ལ་མཉམ་འབྲེལ་ཐོག་ཏུ་རྒྱ་ནག་གིས་རང་ལ་ཁེ་ཕན་ཡོད་པ་དང་འདྲ་མཉམ་མིན་པའི་ཚོང་ལས་ཀྱི་འགྲན་བསྡུར་ཞིག་བྱེད་ཀྱི་ཡོད་པ་མེད་པར་གཏོང་ཐབས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག དེར་བརྟེན་འཛམ་གླིང་ཁྱོན་གྱི་མ་རྐང་ཁྲོམ་ར་ཁག་མར་ཆག་པ་སྟེ་ལོ་འདིར་མ་རྐང་ཁྲོམ་རའི་ཁེ་སང་བྱུང་བ་ཡོད་དོ་ཅོག་ཉི་མ་གཅིག་ལ་ཤོར་ཟིན་ཡོད་ཅིང་། འདས་པའི་ལོ་༢༥་ལྷག་ལ་ཨ་མི་རི་ཀས་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་རྒྱལ་ཁབ་ཅིག་རེད་ཅེས་ཁྱབ་བསྒྲགས་བྱས་མྱོང་མེད་ཀྱང་རྒྱ་ནག་གཞུང་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤར་གཅོག་གི་གཡོ་སྒྱུར་ཅི་ཡང་བྱས་མེད་ཅེས་ལན་འདེབས་བྱས་འདུག

གཟའ་ཟླ་བའི་ཉིན་རྒྱ་ནག་གི་དབུས་དངུལ་ཁང་གིས་ཨ་སྒོར་༡་ལ་མི་དམངས་ཤོག་སྒོར་༧་ཡིན་ཞེས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བཅག་པ་ནི་ལོ་༡༡་གི་རིང་དུ་བྱུང་མྱོང་མེད་ཅིང་། གཟའ་འཁོར་སྔོན་མར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བྱས་པར་གྲུབ་འབྲས་མ་ཐོན་པའི་སྟབས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་རྒྱ་ནག་གཞུང་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བཅག་ནས་ཨ་མི་རི་ཀར་ལན་པ་སློག ཁ་སང་གཅིག་པུར་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་བརྒྱ་ཆ་༣་མ་ཟིན་ཙམ་ཞིག་ཆག་པ་ནི་ན་ནིང་ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་ཨ་མི་རི་ཀའི་མ་རྐང་ཁྲོམ་ར་ཆག་པ་དེ་འདྲ་ཞིག་ཉི་མ་གཅིག་ལ་ཆག་མྱོང་མེད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་རི་དང་རྒྱ་ནག་གི་ཚོང་དམག་གིས་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་གཏོང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱ་རྒྱུ་ཡང་ངང་འཐེན་བྱ་རྒྱུའི་ཐག་བཅད་འདུག

ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཊིབ་མ་ནུ་ཆིན་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་བཀོད་འདོམས་ལྟར་རྒྱ་ནག་ནི་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད་ཅེས་ཁྱབ་བསྒྲགས་བྱས་པ་ཡིན། འདས་པའི་ཉིན་ཤས་ནས་རྒྱ་ནག་གིས་བསམ་བཞིན་མི་དམངས་ཤོག་སྒོར་གྱི་འཛའ་ཐང་བཅག་པས་ཨ་མི་རི་ཀས་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པ་འོས་ཤིང་འཚམས་པ་ཞིག་ཡིན། རྒྱ་ནག་གིས་མི་དམངས་ཤོག་སྒོར་གྱི་འཛའ་ཐག་བཅག་པ་ནི་རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་གི་རིན་གོང་ཆུང་དུ་གཏོང་ཐབས་དང་རྒྱལ་སྤྱིའི་ཚོང་ལས་ཀྱི་ཁྲོམ་རའི་ནང་དུ་རྒྱ་ནག་གིས་དྲང་སྙོམས་མིན་པའི་ཁེ་སང་ལེན་གྱི་ཡོད་པ་མཚོན་ཐུབ་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ༡༩༩༤་ལོར་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱི་དུས་སུའང་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་མྱོང་ཡོད་ཅིང་། ༢༠༡༦་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་དུས་སུ་ཁོ་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་རྒྱལ་ཁབ་ཅིག་རེད་ཅེས་ཁྱབ་བསྒྲགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

༡༩༩༨་ལོར་གཏན་འབེབས་བྱུང་བའི་ཨ་རིའི་ཁྲིམས་ལུགས་ལྟར་ན་རྒྱལ་ཁབ་གང་ཞིག་གིས་རང་གི་དངུལ་སྒོར་གྱི་འཛའ་ཐང་བཅག་ནས་དྲང་སྙོམས་ཀྱི་ཚོང་ལས་ཞིག་གཉེར་གྱི་མེད་ན་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་ངེས་པར་དུ་རྒྱལ་ཁབ་དེས་དངུལ་སྒོར་གྱི་འཛའ་ཐང་བཅག་ནས་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མི་འདུག་ཅེས་ཁྱབ་བསྒྲགས་བྱས་ནས་ཨ་རིའི་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པའི་ཐག་གཅོད་བྱས་འདུག ཉེ་ཆར་ཕྱི་ཟླ་༥་པའི་ནང་དུ་ཨ་རིའི གཞུང་གིས་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་རེད་ཅེས་ཁྱབ་བསྒྲགས་བྱས་མེད་ཀྱང་ཨ་མི་རི་ཀས་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པའི་རྒྱལ་ཁབ་༩་ལ་རྟོག་ཞིབ་བྱེད་ཀྱི་ཡོད། རྒྱལ་ཁབ་དེ་དག་གི་གྲས་སུ་རྒྱ་ནག་ཀྱང་ཚུད་ཡོད། ཨ་མི་རི་ཀར་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པའི་རྒྱལ་ཁབ་དེ་རྣམས་འཇར་མན་ཎི་དང་ཨར་ལན་ཌི། ཨི་ཊི་ལི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་མ་ལེ་ཤི་ཡ། སིངྒ་པུར་དང་ཝྭེ་ཏེ་ནམ་བཅས་ཡིན་ཞེས་གྲོས་ཚོགས་ལ་སྙན་སེང་ཞུས་འདུག

ཨ་མི་རི་ཀའི་ཚོང་དོན་ཉམས་ཞིབ་ཁང་ཞིག་གི་མཁས་པ་ཧིར་སན་ཞེས་པ་ཞིག་གིས་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཀྱང་ཁྱད་པར་ཆེན་པོ་ཞིག་མེད། ཨ་མི་རི་ཀས་འཕྲལ་དུ་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་མི་ཐུབ། རྒྱ་ནག་གིས་དངུལ་སྒོར་གྱི་འཛའ་ཐང་བཅག་པ་དེས་འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་ལ་གཡོ་འཁྲུག་ཆེན་པོ་ཞིག་ཐེབས་སྲིད་། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་མ་ཐུབ་པར་ཕན་ཚུན་ལན་པ་སློག་རེས་བྱེད་ཀྱི་ཡོད་པ་ཞིག་མཚོན་ཐུབ་ཅེས་བཤད་འདུག ད་ལྟ་ཉེན་ཀ་གསར་པ་ཞིག་ཡོད་པ་ནི་ཨ་རིའི་གཞུང་གིས་རྒྱ་ནག་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད་ཅེས་བསྒྲགས་ཡོད་པས་ཨ་མི་རི་ཀའི་ལྟ་བ་མཁྲེགས་འཛིན་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱ་ནག་གི་དྲང་པོ་བྱེད་ཀྱི་མེད་པར་ཉེས་ཆད་གཅོད་དགོས། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་བཙན་འགེལ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་པར་ཕྱོགས་གཉིས་ཀྱི་གྲོས་མོལ་བྱ་ཐབས་བྱེད་ཀྱི་ཡོད་པར་འགལ་རྐྱེན་ཆེ་རུ་གཏོང་སྲིད་པའི་ཉེན་ཀ་ཡོད་ཅེས་བཤད་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG