ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་ཕྱི་ཟླ་༦་པའི་ནང་དུ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་དེ་ཕྱི་ཟླ་༧་པར་འཕྲོ་སྐྱོང་བྱ་སྲིད་ཅེས་བཤད་ཀྱང་ཉེ་ཆརཧྥོཀ་སི་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་བསྐྱར་དུ་གྲོས་མོལ་བྱ་དགོས་པའི་ཚེས་གྲངས་ངེས་གཏན་བྱས་མེད་པ་རེད། ཟླ་བའི་སྔོན་མར་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་མཇལ་འཕྲད་གནང་སྟེ་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་ཅིག་ཕེབས་མཁན་ཐོག་མ་དེར་གྱུར། སྐབས་དེར་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པ་ཕྱོགས་གཉིས་ཀྱི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་མོས་མཐུན་བྱུང་འདུག ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐབས་སུ་ཆེས་མཐོའི་མཇལ་འཕྲད་བཀའ་མོལ་ཐེངས་གསུམ་གནང་རུང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཏང་བ་ར་སྤྲོད་ཐུབ་པ་ཞིག་བྱ་དགོས་པའི་དགོས་འདུན་བཏོན། ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་འཁྲེགས་འཛིན་བྱས་པའི་རྐྱེན་གྱིས་སྲིད་འཛིན་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཝྭི་ཏ་ནམ་གྱི་རྒྱལ་ས་ཧོ་ནོ་ཡེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་པར་གྲུ་འབྲས་མ་བྱུང་བར་གློ་བུར་དུ་གྲོས་མོལ་མཚམས་འཇོག་བྱས་ཡོད་པ་རེད། གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེར་གསར་འགོད་པའི་བཅར་འདྲི་ཞུས་པའི་སྐབས་སུ་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ་དེར་བྱང་ཀོ་རི་ཡའི་ཕྱོགས་ནས་བསམ་བློ་གསར་པ་ཞིག་བཏང་ནས་ཡོང་རྒྱུའི་རེ་བ་ཡོད། ང་ཚོས་ཀྱང་གུ་བཤངས་ཆེ་ཙམ་བྱེད་ཆོག་ཅེས་གསུངས་འདུག ཡིནའང་ཨ་རིའི་ཕྱི་སྲིད་དྲུང་ཆེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གྲྭ་ཁག་རྩ་མེད་གཏོང་དགོས་པ་དང་དེ་ལ་ཁུངས་སྐྱེལ་བྱེད་ཐུབ་པ་ཞིག་བྱ་དགོས་ཞེས་ལངས་ཕྱོགས་བཟུང་ཡོད་པའི་རྩ་དོན་ལ་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ལ་མཇལ་འཕྲད་གསར་ཤོས་དེ་བྱུང་བའི་རྗེས་སུ་མཛའ་མཐུན་གྱི་འབྲེལ་བ་ཞིག་ཡོད་མུས་ཡིན་པའི་ལྟ་ཚུལ་ཞིག་བཟུང་ཡོད་ཀྱང་སྲིད་དོན་དཔྱད་ཞིབ་པ་ཁག་གིས་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་དེ་དག་སེལ་མ་ཐུབ་པར་ལྷག་འདུག་ཅེས་གླེང་། རྡུལ་ཕྲན་མཚོན་ཆ་རྩ་མེད་ཟེར་བའི་ཐ་སྙད་དེར་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གོ་བ་ལེན་སྟངས་གཅིག་མཚུངས་མེད་པ་སྟེ། ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གྲྭ་ཁག་སྒོ་རྒྱག་དགོས། དེ་ལྟར་མ་བྱུང་བར་དུ་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དམ་དྲག་གི་ཉེས་ཆད་བཀལ་བྱས་ཡོད་པ་རྣམས་རང་སོར་འཇོག་རྒྱུའི་ལངས་ཕྱོགས་བརྟན་པོ་བཟུང་། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ཀོ་རི་ཡ་ཕྱེད་གླིང་ཡོངས་ལ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། ཨ་མི་རི་ཀས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་བཙུགས་ཡོད་པ་རྣམས་ཀྱང་མེད་པར་གཏོང་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་རེད། ཟླ་བ་སྔོན་མར་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་མཇལ་འཕྲད་བྱུང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་པའི་གྲོས་མཐུན་བྱུང་རུང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་རིམ་པ་ཞིག་བྱས་ཏེ་མེ་ཤུགས་མདེལ་དེ་རྣམས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡས་དམག་སྦྱོང་བྱ་འཆར་ཡོད་པ་འགོག་ཐབས་སུ་གནོན་ཤུགས་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་ཞེས་བསྒྲགས། གཟའ་འཁོར་འདིར་ཕྱི་འབྲེལ་མི་སྣ་ཁག་གིས་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འབད་བརྩོན་ཤུགས་ཆེན་བྱེད་བཞིན་པའི་དུས་འདིར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་འདུག དབྱིན་ཇི་དང་འཇར་མན་ཎི། ཧྥ་རན་སི་བཅས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཛ་དྲག་ཚོགས་འདུ་ཞིག་བསྐོངས་ནས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་བགྲོ་གླེང་བྱ་དགོས་པའི་འབོད་སྐུལ་ཞུས། རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་ནི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀའི་སྲིད་འཛིན་ལ་ཁས་ལེན་དམ་བཅའ་བྱས་པ་དེར་རྒྱབ་འགལ་བྱས་པ་ཞིག་མ་རེད་ཅེས་རྡུན་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བསྐྱར་གསོ་བྱ་རྒྱུར་བྱང་ཀོ་རི་ཡའི་ཕྱོགས་ནས་བརྡ་ལན་ཅི་ཞིག་སྤྲོད་རྒྱུ་ཡིན་མིན་ལ་ངང་སྒྲུག་བྱེད་བཞིན་ཡོད་ཅེས་བཤད། རིང་མིན་ཐེ་ལན་ཌིའི་རྒྱལ་ས་བྷན་ཁོཀ་གྲོང་ཁྱེར་དུ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་འདུའི་སྐབས་སུ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་གྲོས་མོལ་ཞིག་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་གསར་འགྱུར་ཐོན་འདུག

XS
SM
MD
LG