ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ཚོང་དོན་གྲོས་མོལ་འགོ་གཙོ་ཉོི་ཚོང་སྐུ་ཚབ་ལེ་ཊི་ཧར་ཛི་དང་ནོར་སྲིད་དྲུང་ཆེ་མུ་ནིང་ཆིན་བཅས་ཨ་རིའི་ཚོང་དོན་སྐུ་ཚབ་ཚོགས་པ་བཏང་ནས་ཟླ་འདིའི་ཚེས་༣༠་ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་ཐབས་སུ་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་གཙོས་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ནི་རྒྱ་ནག་གིས་ཨ་རིའི་རིག་གནས་ཀྱི་བདག་དབང་གཡོ་འཕྲོག་བྱེད་ཀྱི་ཡོད་པ་དང་ཚན་རིག་ལག་རྩལ་རྐུ་འཁྱེར་བྱེད་བཞིན་པ། རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སོགས་ཀྱི་གནད་དོན་སྤྱི་དང་། ལྷག་པར་དུ་ཞིང་ལས་དང་ཞབས་ཞུའི་ལས་རིགས་ཀྱི་གནད་དོན། མ་འོངས་པར་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་གན་རྒྱའི་འབྲུ་དོན་ཁག་ལག་བསྟར་བྱེད་ཕྱོགས་བཅས་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་གསལ་བསྒྲགས་སྤེལ་འདུག

གཟའ་ལྷག་པའི་ཉིན་ཨ་རིའི་ནོར་སྲིད་དྲུང་ཆེས་གསར་འགྱུར་བརྒྱུད་ལམ་དུ་ང་དང་ཨ་རིའི་ཚོང་དོན་སྐུ་ཚབ་གཉིས་བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་རྒྱ་ནག་ལ་བསྐྱོད་འཆར་ཡོད། གཟའ་མིག་དམར་དང་ལྷག་པ་གཉིས་ལ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད། ཐེངས་འདིར་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་དོན་སྐུ་ཚབ་ཚོགས་པར་གྲོས་མོལ་བྱ་ཡུལ་པེ་ཅིང་མ་ཡིན་པར་ཧྲང་ཧེ་གདམས་པ་དེར་ལོ་རྒྱུས་ཀྱི་མཚོན་དོན་ཞིག་ཡོད་པ་གཞི་རྩར་བཞག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ། ༡༩༧༢་ལོར་ཨ་རིའི་སྲིད་འཛིན་ཉིཀ་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཧྲང་ཧེའི་སྤྱི་བསྒྲགས་ཞེས་པའི་གྲོས་མཐུན་ཞིག་ལ་རྒྱ་ནག་གི་སྲིད་བློན་ཀྲུག་ཨེན་ལེ་དང་མཉམ་དུ་མིང་རྟགས་བཀོད། སྤྱི་བསྒྲགས་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་ལོ་༢༠་ལྷག་གི་རིང་དུ་ཁ་གཏད་གཅོག་རེས་བྱས་པའི་དགྲ་འཛིན་གྱི་ལེའུ་མཇུག་བསྒྲིལ་ཡོད་པས་བདུན་ཕྲག་རྗེས་མར་ཡང་རྒྱ་ནག་དང་ཨ་རིའི་ཚོང་དོན་གྲོས་མོལ་ཧྲང་ཧེ་གྲོང་ཁྱེར་དུ་བྱས་ནས་འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་ལ་ཨ་རི་དང་རྒྱ་ནག་གི་ཚོང་དོན་ལ་འགལ་རྐྱེན་བྱུང་བ་རྣམས་གཙང་སེལ་ཡོང་ཐུབ་པའི་རེ་བ་འཆང་གི་ཡོད་པ་རེད།

ཐེངས་འདིའི་ཚོང་དོན་གྲོས་མོལ་གྱི་ནང་དོན་ཁག་ཀྱང་སྔོན་ཆད་རྒྱ་ནག་དང་ཨ་མི་རི་ཀས་གླེང་སློང་བྱས་མྱོང་མེད་པའི་གནད་དོན་གསར་བ་གང་ཡང་མེད་ཅིང་། གཟའ་འཁོར་རྗེས་མར་གླེང་སློང་བྱ་འཆར་ཡོད་པའི་གནད་དོན་ཁག་རྒྱ་ནག་དང་ཨ་རིའི་ཚོང་དོན་གྲོས་མོལ་ཐེངས་སྔོན་མ་ཁག་གི་སྐབས་སུ་གྲོས་མོལ་འགག་ས་ཁག་ལ་བསྐྱར་དུ་གྲོས་བསྡུར་བྱ་རྒྱུ། ཨ་རིའི་ནོར་སྲིད་དྲུང་ཆེས་གྲོས་མོལ་འདི་ནི་ཐེངས་སྔོན་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་མོལ་བྱས་པའི་ནང་དོན་ཁག་མཇུག་སྐྱོང་བྱེད་པའི་གྲོས་མོལ་ཞིག་ཡིན། ད་དུང་ཡང་རྒྱལ་ཁབ་གཉིས་ཀྱིས་ཐག་གཅོད་བྱ་རྒྱུའི་གནད་དོན་མང་པོ་ཞིག་ཡོད་ཅེས་བཤད། ད་ལོའི་སྤྱི་ཟླ་༥་པའི་ནང་དུ་རྒྱ་ནག་གཞུང་གིས་སྔོན་ཆད་ཕྱོགས་གཉིས་ཀྱིས་མོས་མཐུན་བྱས་ཡོད་པའི་གྲོས་མཐུན་གྱི་ནང་དོན་ཁག་ཅིག་གྲོས་མཐུན་གྱི་མ་ཟིན་ནང་ནས་ནག་སུབ་བཏང་བྱས་པ་དང་གྲོས་མཐུན་གྱི་འབྲུ་དོན་ཁག་ཅིག་ལ་འགྱུར་བ་བཏང་བས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་བསྐྱར་དུ་འགལ་ཟླ་བྱུང་།

སྐབས་དེར་ཨ་རིའི་ཕོ་བྲང་དཀར་པོ་དང་ཨ་རིའི་ཚོང་དོན་ལྷན་ཁང་བཅས་ཀྱིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བརྒྱ་ཆ་༩༠་ཙམ་མཐུན་འགྲིག་བྱུང་ཡོད་ཅེས་བསྒྲགས། ཡིན་ནའང་གྲོས་མཐུན་དེར་མིང་རྟོགས་འགོད་པར་ཉི་མ་འགའ་ཞིག་གི་སྔོན་དེར་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པས་འདས་པའི་ལོ་གཅིག་གི་རིང་ལ་ཨ་རི་དང་རྒྱ་ནག་གཉིས་ལ་ཚོང་དམག་ལངས་ནས་་ཕྱོགས་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་ཡོད་པར་མ་ཟད། འཛམ་གླིང་སྤྱིའི་ཚོང་ལས་དང་དཔལ་འབྱོར་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། ད་ལོ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལོ་༢༠་རིང་དུ་བྱུང་མྱོང་མེད་པའི་ཉམས་རྒུད་ཆེན་པོ་བྱུང་། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་འགལ་ཟླ་ལ་རྐྱེན་བྱས་ནས་བྱུང་རེད་ཅེས་བཀྲལ། རྒྱ་ནག་གིས་དེ་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་རྒྱ་ནག་ལ་གསར་འགོད་རང་དབང་མེད་པའི་སྟབས་ཀྱིས་དོན་དངོས་སུ་རྒྱ་ནག་ལ་གྱོང་གུད་ཅི་ཙམ་ཕོག་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་ཤེས་དཀའ། ད་སྔ་ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་ནས་ཕྱིའི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་མང་པོ་ཞིག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱས་ཡོད་པ་སོགས་ཀྱིས་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག

XS
SM
MD
LG