ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་བྱ་དགོས་ཟེར།


༄༅།། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་ཡང་དག་པ་ཞིག་བྱ་དགོས་ཞེས་འབོད་སྐུལ་ཞུས། གཟའ་མཇུག་དེར་ཧོང་ཀོང་མི་དམངས་ཀྱིས་སླར་ཡང་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་ངོ་རྒོལ་བྱས་ནས་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་པས་ཉེན་རྟོག་པ་ཚོས་མཆི་སྦྱིན་དུག་རླངས་གཏོར་ནས་མི་མང་གི་ངོ་རྒོལ་ལས་འགུལ་ཁ་གཏོར་བཏང་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་གཏོར་བརླག་བྱས་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཧོང་ཀོང་ལ་མིང་དོན་མཚུངས་པའི་དམངས་གཙོའི་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་པ་དང་། གཟའ་འཁོར་སྔོན་མར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ལ་ཞུགས་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་ཐེ་ཝན་གཞུང་གིས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་པར་བརྟེན། ཧོང་ཀོང་གི་ངོ་རྒོལ་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྒྱ་ནག་གཞུང་གིས་ཁོང་ཁྲོ་དྲག་པོའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།

གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་ཊོས་ཊར་དྲྭ་ལམ་དུ་ཧོང་ཀོང་ས་གནས་གཞུང་གིས་མི་དམངས་ལ་དམངས་གཙོའི་འོས་འདེམས་བྱེད་དུ་འཇུག་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང་མི་མང་ངོ་རྒོལ་བ་ཚོས་བཏོན་པའི་གཞི་རྩའི་དགོས་འདུན་བསྐང་དགོས་པའི་དུས་སུ་བབས་འདུག ཧོང་ཀོང་གི་ཁྲིམས་སྐྱོང་ལམ་ལུགས་ཉམས་དམས་སུ་ཕྱིན་ཏེ་སྲིད་གཞུང་དང་མི་དམངས་གཉིས་ཀྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་ནི་བློ་ཕམ་བྱ་དགོས་པའི་གནས་ཚུལ་ཞིག་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱེ་སེབ་ཝུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལྷན་དུ་ཁེ་རེ་བྷིན་གླིང་ཕྲན་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ནས་ཕྱིར་ལམ་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་ཌན་ཝྭར་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབབ་སྡོད་བྱས་ཤིང་། ཁོང་གི་འཕྲིན་ཐུང་དེར་ཧོང་ཀོང་གི་དཀའ་ངལ་སེལ་པའི་ཐབས་ལམ་འབའ་ཞིག་ནི་དམངས་གཙོའི་འོས་འདེམས་བྱེད་དུ་འཇུག་དགོས་པ་ལས་དྲག་གནོན་མིན། མི་དམངས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་འཇོག་བྱ་དགོས་ཞེས་བཀོད། ལོ་རྗེས་མར་ཐེ་ཝན་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱ་ནག་གིས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་རྣམས་ཐེ་ཝན་གྱི་འོས་འདེམས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཐེ་ཝན་ལའང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་གཅིག་གྱུར་བྱ་དགོས་ཟེར་གྱི་ཡོད་པ་རེད།

ཐོག་མར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བཅོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་ནས་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་འགོ་ཚུགས། ད་ལྟ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱས་ཀྱང་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་དང་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་སྐད་འབོད་བྱ་རྒྱུ་མཚམས་འཇོག་གི་མེད་པར་མ་ཟད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་ངོ་རྒོལ་བྱ་རྒྱུ་འཛེམ་ཟོན་མེད་པ་དང་ཧོང་ཀོང་ལ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོ་དམངས་གཙོའི་ལམ་ནས་ཐད་ཀར་མི་དམངས་ལ་འོས་འདེམས་བྱེད་དུ་འཇུག་དགོས། ཧོང་ཀོང་གི་རང་སྐྱོང་དང་རང་དབང་གི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱ་དགོས་ཞེས་སྐད་འབོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། གཟའ་ཉི་མའི་དགོང་མོར་གདོང་འབག་གྱོན་པའི་མི་ཁག་ཅིག་གིས་ས་འོག་མེ་འཁོར་འབབ་ཚུགས་སུ་ཧོང་ཀོང་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དབྱུག་པས་རྡུག་རྡེག་བཏང་སྟེ་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་འདུག ད་དུང་གཟའ་ཉི་མའི་མཚན་མོར་ཧོང་ཀོང་གི་ཉེན་རྟོག་པས་ཀྱང་མི་ཚོིགས་ཁྲོད་དུ་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་བརྒྱབ་པ་དང་མཆི་སྦྱིན་དུག་རླངས་གཏོར་པ། ཟླ་བ་སྔོན་མ་ནས་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་འགོ་ཚུགས་ནས་ད་ལྟའི་བར་དུ་དུས་ཡུན་བདུན་ཕྲག་༧་འགྲོ་བཞིན་ཡོད་པ་རེད།

༢༠༢༠་ལོའི་སྤྱི་ཡོངས་འོས་འདེམས་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུའི་གཉིས་ཀྱིས་སྲིད་འཛིན་འོས་འདེམས་ལ་འགྲན་རྩོད་བྱ་རྒྱུ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འགོ་ཁྲིད་པའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་བཟུང་བ་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་མེད་ཀྱང་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུའི་ཡིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་རྒྱུ། ཁོང་གིས་རྒྱ་ནག་གཞུང་ལ་འབྲེལ་བ་ཡར་རྒྱས་བཏང་ནས་མཚོ་འགག་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་དམ་ཟབ་འཛིན་དགོས་པའི་ལངས་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད་རུང་། ཧན་གོ་ཡུའི་ཡིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བཏོན་པའི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཟེར་པ་དེར་མོས་མཐུན་བྱ་རྒྱུ་ཡིན་མིན་གསལ་པོ་མེད། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ནས་ཐེ་ཝན་མི་དམངས་ཕལ་ཆེ་བར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་འདོད་མེད་པ་རེད།།

XS
SM
MD
LG