ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁ་ཆེའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་སྲིད་ཇུས་ལ་རྒྱབ་སྐྱོར།


༄༅།། འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་ཚོགས་འཐུས་རྒྱལ་ཁབ་༥༧་ཡོད་པའི་གྲས་ཀྱི་རྒྱལ་ཁབ་༡༤་སྟེ། ཨལ་ཇཱི་རི་ཡ་དང་བྷ་རེན། ཨི་ཇེབ་དང་ཁུ་ཝེ་ཐེ། སོ་ཌི་ཨ་རི་བྷི་ཡ་དང་ཨོ་མན། པ་ཀི་སི་ཐན་དང་ཁ་ཊར། སོ་མ་ལི་ཡ་དང་སུ་དྷན། སི་རི་ཡ་དང་ཏ་ཇིཀ་སི་ཐན། ཏུར་ཀི་མ་ཎི་སི་ཐན་དང་ཨ་རབ་ཨི་མཱི་རེ་ཊི་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱིས་ཐུན་མོང་གི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་དེ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཐེབས་ཀྱི་ཡོད་པར་སྣང་མེད་བཏང་ཞིང་། བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་༢༢་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་ཐོག་ཏུ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ཡས་མས་ཤིག་འགོག་ཉར་བྱ་ཡུལ་བཀག་ཉར་ཁང་དེ་རྣམས་སྒོ་རྒྱག་དགོས་ཞེས་སྐྱོན་བརྗོད་བྱས་པར་དགག་པ་བརྒྱབ་སྟེ་ཁ་ཆེ་ཚོས་རང་གི་རིགས་ལ་ཕུ་ནུའི་འདུ་ཤེས་འཛིན་དགོས་ཟེར་པའི་སྐད་ཆ་དེ་ཉིད་སྟོང་གཏམ་ཞིག་ཡིན་པ་ར་འཕྲོད།

ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་བཅུ་གྲངས་ཤིག་གིས་མིང་རྟགས་བཀོད་པའི་སྤྱི་བསྒྲགས་དེ་རྒྱ་ནག་གཞུང་གིས་ཟིན་བྲིས་བཏབ་ནས་བཀྲམ་པ་ཞིག་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་ཁ་ཆེའི་རྒྱལ་ཁབ་ཁག་གིས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་ས་ཡ་༡༣་ལ་གཉའ་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་སོང་། ང་ཚོས་ཁུངས་ལྡན་གྱི་ཡིག་ཆ་ཁག་ཏུ་འཁོད་པ་དེར་གཞི་འཛིན་བྱས་ན་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་ཁང་འདྲ་མིན་གྱི་ནང་དུ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་མ་སྤེལ་གྱི་ཡོད་པ་དང་ཡུ་གུར་བ་ཚོར་པར་ཆས་བཙུགས་ནས་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་དམག་དང་དྲག་ཆས་ཉེན་རྟོག་པ། གསང་ཉུལ་དང་གཞུང་གི་ལས་བྱེད་པ་འབུམ་ཕྲག་མང་པོར་སྐུལ་སློང་བྱས་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་ལྟ་རྟོག་བྱེད་དུ་འཇུག་གི་འདུག་ཅེས་བཤད།

པེ་ཅིང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེའི་རྒྱལ་ཁབ་དེ་ཚོས་རྒྱ་ནག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དང་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་བསྔགས་བརྗོད། ཡུ་གུར་བ་ཚོར་བདེ་སྐྱིད་དང་བདེ་འཇགས་སྲུང་སྐྱོབ་གཉིས་འདུག་ཅེས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཐུན་མོང་གི་སྤྱི་བསྒྲགས་དེར་མིང་རྟགས་མ་བཀོད་པའི་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་མོས་མཐུན་མེད་པའི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད་ཅིང་། ཁ་སྔོན་ཕྱི་ཟླ་༣་པར་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཨ་བྷུ་དྷ་བྷིར་ཚོགས་འདུར་འདུས་པའི་སྐབས་སུའང་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་ལ་སྣང་མེད་བཏང་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ཕྱོགས་གང་ཐད་དུ་ལྟ་སྐྱོང་བཟང་པོ་བྱེད་ཀྱིན་འདུག་ཅེས་ཁྱབ་བསྒྲགས་བྱས་ནས་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུའི་རྣམ་འགྱུར་བསྟན། རྒྱ་ནག་གཞུང་གིས་ཆེད་མངགས་གོ་སྒྲིག་བྱས་པའི་རྟོག་ཞིབ་ཚོགས་པ་ཞིག་གི་ཁོངས་སུ་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཕལ་ཆེ་བའི་སྐུ་ཚབ་ཡོད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པར་སྐྱོན་བརྗོད་ཚིག་གཅིག་བྱས་ཕོད་མེད། འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཕལ་ཆེ་བ་འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་མཐར་སྐྲོད་བཏང་བར་ངར་ལངས་ནས་རྫིག་རྫིག་བྱེད་ཀྱི་ཡོད་ཀྱང་ཞིན་ཅང་གི་ཡུ་གུར་བའི་དོན་དུ་རྒྱ་ནག་ལ་སྐད་ཆ་ཚིག་གཅིག་བཤད་མི་ཕོད།

ད་ཐེངས་ཀྱི་སྤྱི་བསྒྲགས་དེར་ཨབ་གྷ་ཎི་སི་ཐན་དང་ཨལ་བྷེ་ཎི་ཡ། བྷང་ག་ལ་དང་ཨིན་རྡུ་ནེ་ཞི་ཡ། མ་ལེ་ཤི་ཡ་དང་མོ་རོ་ཁོ། ཐུ་ཎི་ཤི་ཡ་དང་ཏུར་ཀིས་བཅས་ཀྱིས་ཐུན་མོང་གི་སྤྱི་བསྒྲགས་དེར་མིང་རྟགས་མ་བཀོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཐེབས་ཀྱི་ཡོད་པར་ཞིབ་འཇུག་བྱ་དགོས་ཞེས་གྲོས་གཞི་བཏོན་པར་ཁ་ཆེའི་རྒྱལ་ཁབ་གཅིག་གིས་ཀྱང་རྒྱབ་སྐྱོར་བྱས་མེད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ལས་སྣེ་སོ་ཧྥི་རི་ཆར་ཌི་སན་གྱིས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ལ་མི་རྣམས་ཡིད་ཆེས་མེད་པར་གྱུར་སོང་། གལ་སྲིད་མཐུན་ཚོགས་དེ་རྒྱལ་སྤྱིའི་ལས་འགན་སྒྲུབ་ཐུབ་པའི་སྒྲིག་འཛུགས་ཤིག་ལ་འགྱུར་དགོས་པ་དང་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གླེང་སློང་བྱེད་ཐུབ་མཁན་ཞིག་ལ་འགྱུར་དགོས་ཚེ། འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་མཐུན་ཚོགས་དེས་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་མཐོང་ཐོས་མ་བྱུང་བའི་བརྟུལ་ཞུགས་འཆང་རྒྱུ་མཚམས་འཇོག་དགོས་ཀྱིན་འདུག་ཅེས་ནན་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་ཟིན་བྲིས་བཏབ་པ་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པའི་སྤྱི་བསྒྲགས་དེར་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས། ཁ་བྲལ་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཞིན་ཅང་གི་ཡུ་གུར་བ་ཚོར་ལག་ཤེས་དང་སྐད་ཡིག གློག་ཀླད་སོགས་ཀྱི་ཤེས་བྱ་གསར་པ་བསླབས་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་བཀྲལ། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་དངོས་སུ་འགྲིམས་མྱོང་ཡོད་པའི་མི་ཚོས་བཀག་ཉར་ཁང་དེ་རྣམས་བཙོན་ཁང་ཡིན་པ་དང་མི་ལ་རང་དབང་མེད་པ། ཁོ་ཚོས་བཀག་ཉར་ཁང་དུ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ་དང་རྒྱ་ནག་གཞུང་གི་བཀའ་དྲིན་བསམ་ཤེས་དགོས་པའི་བསམ་བློ་སློབ་གསོ་གཏོང་གི་འདུག་ཅེས་བཤད། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་གཙང་སྦྲ་མེད་པ་དང་མི་ལ་ན་ཚ་བྱུང་ན་སྨན་བཅོས་ཚུལ་བཞིན་མ་བྱས་པར་འཆི་སྐྱོན་བྱུང་བའང་འབྱུང་གི་ཡོད་པ་རེད།།

XS
SM
MD
LG