ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱེས་འབྱོར་བོད་པའི་ཁྱིམ་ཚང་༤༤་ལ་ཁང་པ་བགྲོ་འགྲེམ།


བོད་མིའི་སྒྲིག་འཛུགས་ཀྱིས་སྦེལ་ཀོབ་གཞིས་ཆགས་སུ་བྱེས་འབྱོར་བོད་པའི་ཁྱིམ་ཚང་༤༤་ལ་ཁང་པ་གསར་པ་བགོ་འགྲེམ་བྱུང་ཡོད་ཅིང་། ཕྱི་ཟླ་༧་ཚེས་༡༠་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཉེ་འགྲེམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཞིང་འབྲོག་སྡེ་ཚན་ཁྱབ་ཁོངས་སུ་བྱེས་འབྱོར་བོད་པའི་ཁྱིམ་ཚང་༨༠་ཐམ་པར་ཁང་པ་གསར་པ་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་ལྷོ་ཕྱོགས་སྤྱི་ཁྱབ་པ་དང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་ས་གནས་གཞིས་འགོ བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་སྐུ་ཚབ། མཉམ་འབྲེལ་གྱི་སྐུ་ཚབ་དང་སྡོད་ཁང་ཐོབ་ཐང་གི་ཐོ་གཞུང་དུ་འཁོད་པའི་བྱེས་འབྱོར་བོད་པ་ཚོ་བཅས་སྦེལ་ཀོབ་ལུགས་བསམ་མི་མང་ཚོགས་ཁང་དུ་འདུ་འཛོམས་བྱུང་ཞིང་། དོ་བདག་ཆ་རྐྱེན་ཚང་བ་དང་ས་གནས་ལ་དངོས་སུ་ཡོད་པའི་ཁྱིམ་ཚང་༤༤་ལ་རྒྱན་ཤོག་གི་ལམ་ནས་ཁང་པ་བགོ་འགྲེམ་བྱུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཁང་པ་གསར་པའི་རྒྱ་ཁྱོན་ཆེ་ཆུང་གི་སྡེ་ཚན་ནི་རིམ་པ་གསུམ་ལ་ཕྱེ་ཡོད་པ་སྟེ། སྡེ་ཚན་ཀ་པར་མི་གྲངས་༢་ནས་༤་དང་སྡེ་ཚན་ཁ་པར་མི་གྲངས་༥་ལས་མང་བ། སྡེ་ཚན་ག་པར་ཁེ་རྐྱང་གི་སྡེ་ཚན་བཅས་རེད་འདུག ཐོག་མར་སྦེལ་ཀོབ་བྱེས་འབྱོར་བོད་མིའི་སྡོད་ཁང་འཛུགས་སྐྲུན་གྱི་སྔ་ཕྱི་བར་གསུམ་ལ་འགན་ཁུར་མཁན་ནི་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ལས་ཁུངས་ཡིན་སྟབས་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཐོག་ཚེ་རིང་ཆོས་འཛོམས་ལགས་ཀྱིས་བྱེས་འབྱོར་བོད་མིའི་སྡོད་ཁང་གི་སྐོར་ངོ་སྤྲོད་མདོར་བསྡུད་དང་བྱེས་འབྱོར་བོད་མིའི་སྡོད་གསར་པ་དེ་དག་ཕྱི་ཚེས་༡༠་བཟུང་སྟེ་གཞིས་ཆགས་རྙིང་པ་ལུགས་ཟུང་བསམ་གྲུབ་གླིང་གི་ཁྱབ་ཁོངས་གྲོང་སྡེ་བདུན་པ་དེ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྡོད་ཁང་གསར་པའི་བདག་དབང་ཡོངས་རྫོགས་དབུས་བོད་མིའི་སྒྲིག་འཛུག་ལ་ཡོད། སྡོད་ཁང་གསར་པའི་ནང་དུ་སྡོད་མཁན་ཚོས་མ་འོངས་པར་སྡོད་ཁང་ཚོང་སྒྱུར་བྱེད་པའམ། ཡང་ན་གཞན་ལ་ཁང་གླ་གཏོང་བ་སོགས་གཏན་ནས་བྱེད་མི་ཆོག་ཅེས་ཁྲིམ་ཐོག་གི་སྒྲིག་གཞི་ཁག་སྒྲོགས་སྦྱང་གནང་སོང་། གཞན་ཡང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྡོད་ཁང་གསར་རྒྱག་གི་བརྒྱུད་རིམ་ནང་དུ་དཀའ་ངལ་ཁག་ཅིག་ངོ་སྤྲོད་གནང་བ་དང་སྦྲགས། སྡོད་ཁང་༨༠་གསར་རྒྱག་བྱས་ཡོད་པ་དེ་དག་གི་ཁོངས་ནས་སྡོད་ཁང་༣༦་ལྷག་ཡོད་པ་རྣམས་སྒུག་ཐོའི་གོ་རིམ་ལྟར་ཁྱིམ་ཚང་ཁག་ལ་བགོ་འགོ་འགྲེམ་བྱ་དགོས་པ་དེར་སླར་ཡང་ཞིབ་འཇུག་བྱ་རྒྱུ་དང་གོང་རིམ་ལ་སྙན་ཞུ་འབུལ་རྒྱུ་ཡིན་ཞེས་གསུངས་བྱུང་།

སྤྱིར་སྦེལ་ཀོབ་གཞིས་ཆགས་སུ་སྡོད་ཁང་གི་དཀའ་ངལ་ཡོད་པའི་བྱེས་འབྱོར་བོད་པའི་ཁྱིམ་ཚང་༨༠་ཐམ་པར་ཆེད་དུ་སྡོད་ཁང་གསར་རྒྱག་བྱས་ཀྱང་ལོ་ཤས་ནང་དུ་ཁྱིམ་ཚང་མི་ཉུང་བ་ཞིག་བོད་ལ་ཕྱིར་ལོག་བྱས་པའམ། ཡང་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐྱོད་ཟིན་ཡོད་སྟབས་དེང་སྐབས་ས་གནས་ལ་དངོས་སུ་ཡོད་པ་དང་སྡོད་ཁང་བགོ་འགྲེམ་གྱི་མིང་ཐོའི་ནང་དུ་ཚུད་ཡོད་པའི་ཁྱིམ་ཚང་༤༨་ཡོད་ཅིང་། ཁྱིམ་ཚང་བཞིས་རང་གི་སྡོད་ཁང་གི་དཀའ་ངལ་སེལ་ཟིན་ཡོད། སྡོད་ཁང་བགོ་འགྲེམ་མིང་ཐོ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཕྱིར་འཐེན་བྱས་འདུག

བྱེས་འབྱོར་བོད་མིའི་སྡོད་ཁང་གསར་པ་ནི་ཐོག་མར་ཕྱི་ལོ་༢༠༡༠་ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས ཆགས་ལ་ཚུགས་སྐབས་གསར་འབྱོར་བ་མི་ཁ་ཤས་ཀྱིས་སྐབས་དེའི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མར་མཇལ་འཕྲད་ཞུས་ཏེ་སྡོད་ཁང་གི་དཀའ་ངལ་སྐོར་ཞུ་གཏུགས་དང་། དེའི་རྗེས་སྙན་ཞུ་རིམ་པ་ཕུལ་བ་བརྒྱུད་ཕྱི་ལོ་་༢༠༡༢་ནས་ཐོ་འགོད་བྱ་རྒྱུ་འགོ་ཚུགས། ཕྱི་ལོ་༢༠༡༤་ལོར་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱིས་འགན་ཁུར་འོག་ཨར་ལས་འགོ་བཙུགས། ད་བར་ལོ་༥་རིང་ལ་ས་གནས་འགོ་འཛིན་རིམ་པ་གསུམ་བརྒྱུད་ནས་མཇུག་སྐྱོང་བྱུང་ཡོད་པ་རེད།

XS
SM
MD
LG