ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཨུ་རུ་སུའི་སྲིད་འཛིན་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་ཚེས་༢༨་དང་༢༩་གཉིས་ལ་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་། སང་ཉིན་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་སླར་གསོ་བྱེད་ཐབས་ཀྱི་འབད་བརྩོན་བྱ་འཆར་ཡོད་ཅིང་། ཕྱི་ཚེས་༢༨་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ལོགས་སུ་ཐུག་འཕྲད་བྱས་པའི་སྐབས་སུ་རྩེད་མོ་དང་སྦྲགས། ཁོང་གིས་༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་ཅེས་སྲིད་འཛིན་ཕུ་ཀྲིན་ལ་མཛུབ་མོ་བཙུགས་ནས་བཤད་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་འཛུམ་ཞིག་དམུལ་བ་ལས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྐད་ཆ་དེར་ལན་འདེབས་གང་ཡང་བྱས་མེད་པའི་གནས་ཚུལ་ཐོན་འདུག

གཟའ་པ་སངས་ཉིན་གྱི་ཐུག་འཕྲད་གྲོས་མོལ་འདི་ནི་ཨ་རིའི་དམིགས་བསལ་ཞིབ་འཇུག་པ་རོ་བྷར་ཊི་མུ་ལར་གྱིས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་པར་ཞིབ་འཇུག་བྱས་ཏེ། ཁོང་གིསཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་ཞིབ་འཇུག་གི་སྙན་ཐོ་ཤོག་གྲངས་༤༠༠་ལྷག་ཡོད་པ་ཞིག་ཕུལ་བའི་རྗེས་སུ་ཕུ་ཀྲིན་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཨུ་རུ་སུའི་གཞུང་གི་རྒྱབ་སྐྱོར་ཡོད་པའི་དྲྭ་ལམ་སིམ་འཛུལ་བ་ཚོས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱ་ཐབས་བྱས་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་མང་པོ་ཞིག་རྙེད་ཀྱི་འདུག ད་དུང་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུ་དང་རྒྱ་ནག ཨི་རན་སོགས་ཀྱིས་ཐེ་གཏོགས་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱ་ཐབས་བྱས་ཡོད་པར་ཡིད་ཆེས་མེད་པ་སྟེ། ཁོང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ལས་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ང་ཚོས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་མེད་ཟེར་པའི་སྐད་ཆ་དེ་བདེན་པར་འཛིན་གྱི་ཡོད་པ་རེད།།

ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་བཀག་འགོག་བྱ་དགོས་པའི་གྲོས་ཆོད་དེའི་རྗོད་ཚིག་ཁག་ནན་པོ་ཞིག་འགོད་དགོས་ཀྱི་འདུག་ཟེར་གྱི་ཡོད་ཀྱང་ཨ་མི་རི་ཀ་༢༠༡༥་ལོར་ཧྥ་རི་སིའི་རྒྱལ་ས་ཕེ་རི་སིར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་ཆིངས་ཡིག་དེའི་ཁོངས་ནས་ཕྱིར་འཐེན་བྱས་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་བཀག་འགོག་བྱ་ཐབས་ཀྱི་གྲོས་བསྡུར་ཁག་ལ་རྒྱབ་སྐྱོར་ཆེན་པོ་ཞིག་བྱེད་ཀྱི་མེད་པ་དང་། ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་པའི་གྲོས་བསྡུར་བྱ་སྲིད། ཡིན་ནའང་ཨ་མི་རི་ཀ་རྒྱལ་སྤྱིའི་ཆིངས་ཡིག་དེའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པས་གྲོས་མོལ་དེར་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

ད་ལྟ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་བྱས་ཏེ། འདས་པའི་ལོ་གཅིག་ཡས་མས་ཤིག་ལ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ནས་ཕྱོགས་གཉིས་ཀྱི་ོང་དོན་གྲོས་མོལ་མཚམས་ཆད་པས་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༦༥་ཙམ་གྱི་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ཡོད་པར་མ་ཟད། ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར། ད་དུང་ཡང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་མ་འཐོན་ཚེ། ཨ་མི་རི་ཀས་སླར་ཡང་ཨ་སྒོར་ཐེ་འབུམ་༣༠༠་ལྷག་གི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ལ་དོ་ཕོག་ཆེན་པོ་ཞིག་གཏོང་སྲིད་པའི་ཉེན་ཀ་ཡོད་པས་རྒྱལ་སྤྱིའི་ཐོག་ཏུ་གཟའ་མཇུག་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱས་ཏེ། ཁོ་ཚོས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་སླར་གསོ་བྱེད་ཐུབ་རྒྱུ་ཡིན་མིན། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པ་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་མིན་ལ་གཟབ་ནན་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG