ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དྲང་བདེན་དང་ཡིད་ཆེས་མེད་ས་སྐྱོ་ཤོས་དེ་རེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིར་པར་སྐྲུན་བྱེད་ཀྱི་ཡོད་པའི་ཚན་རིག་ཅེས་པའི་རིག་གཞུང་དུས་དེབ་ཀྱི་སྟེང་དུ་འཛམ་གླིང་རྒྱལ་ཁབ་༤༠་ནང་གི་མི་དང་མི་ལ་ཡིད་ཆེས་དང་དྲང་བདེན་གྱི་ཆུ་ཚད་ཅི་ཙམ་ཡོད་མེད་ཞིབ་བསྡུར་བྱས་པའི་བརྟག་དཔྱད་སྙན་ཐོ་ཞིག་བཏོན། སྙན་ཐོ་དེ་ལྟར་ན་རྒྱ་ནག་པ་ཚོས་མི་ལ་ཡིད་ཆེས་དང་དྲང་བདེན་བྱེད་ཀྱི་ཡོད་པའི་ཚད་གཞི་ནི་རྒྱལ་ཁབ་༤༠་ཙམ་གྱི་གྲས་སུ་ཆེས་སྐྱོ་ཤས་དང་མཐའ་མ་དེར་གྱུར་ཏེ། ཚན་རིག་ཅེས་པའི་དུས་དེབ་འདི་ནི་རྒྱལ་སྤྱིའི་སྟེང་དུ་མིང་གྲགས་ཡོད་པའི་རིག་གཞུང་གི་དུས་དུབ་ཅིག་ཡིན་ཞིང་། གོང་གི་སྙན་ཐོ་འདི་ཉེ་ཆར་སྤྱི་ཟླ་༦་པའི་ཚེས་༢༠་ཉིན་བཏོན་འདུག

སྙན་ཐོ་འདིའི་ནང་གི་རྒྱལ་ཁབ་ཁག་གི་མི་ཚོས་མི་གཞན་ལ་ཡིད་ཆེས་དང་དྲང་བདེན་ཅི་ཙམ་བྱེད་ཀྱི་ཡོད་མེད་ལ་ཆེད་ལས་པ་ཚོས་ཞིབ་འཇུག་བྱས་པ་ཞིག་དང་ཞིབ་འཇུག་པས་ཐོག་མར་སྒོར་ཁུག་མང་པོ་གཞན་ནས་རྙེད་ཁུལ་བྱས་ཤིང་། སྒོར་ཁུག་ནང་དུ་དོ་བདག་གི་ཡིག་ཟམ་ཁ་བྱང་བཞག་ནས་གཞུང་ཕྱོགས་ཀྱི་ལས་ཁུངས་ལ་བསྐྱལ་བའམ། ཡང་ན་ཚོགས་པ་དང་མི་སྒེར་བ་སོགས་ལ་སྤྲད་དེ་སྒོར་ཁུག་དེ་དག་ཕྱིར་དོ་བདག་ལ་འཕྲོད་པའི་ཚད་གཞི་ཅི་ལྟ་བུ་ཞིག་ཡིན་མིན་བརྟག་དཔྱད་ཀྱི་སྒོ་ནས་རྒྱལ་ཁབ་དེ་དག་གི་མི་རྣམས་དྲང་བདེན་ཡིན་པའི་ཚད་གཞི་ཅི་ཙམ་ཡིན་མིན་ཞིབ་ཏུ་བསྡུར། ཞིབ་འཇུག་པ་ཚོས་འཛམ་གླིང་རྒྱལ་ཁབ་༤༠་ཐམ་པའི་གྲོང་ཁྱེར་མི་འདྲ་བ་༣༠༠་ལྷག་གི་ནང་དུ་བརྟག་དཔྱད་བྱས་ཡོད་པས་བརྟག་དཔྱད་གྲུབ་འབྲས་དེ་ཅུང་ཙམ་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱེད་ཆོག

ཞིབ་འཇུག་སྙན་ཐོ་དེ་ལྟར་ན་བརྟག་དཔྱད་བྱས་པའི་རྒྱལ་ཁབ་༤༠་གྲས་ཀྱི་མི་དམངས་ཀྱི་དྲང་བདེན་གྱི་ཚད་གཞི་བཟང་ཤོས་ནི་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་དང་དེ་ནས་ནོར་ཝེ། ཧོ་ལན་ཌི་དང་ཕོ་ལན་ཌི། སུད་ཌེན་དང་ཌན་མག་སོགས་ཡོད་ཅིང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་ཀྱི་་ཨོ་གླིང་རྒྱལ་ཁབ་ཨང་རིམ་༡༦་པ་དང་ཁེ་ན་ཏ་ཨང་རིམ་༡༩་པ། ཨ་རི་ཨང་རིམ་༢༥་བ་དང་དབྱིན་ཇི་ཨང་རིམ་༢༦་པ་བཅས་ཡིན་རུང་རྒྱ་ནག་ནི་ཨང་རིམ་༤༠་པ་དེར་ལྷུང་སྟེ་རྒྱལ་ཁབ་༤༠་ཐམ་པའི་གྲས་སུ་མི་ལ་དྲང་པོ་དང་ཡིད་ཆེས་མི་བྱེད་མཁནསྡུག་ཤོས་དེར་གྱུར། རྒྱ་ནག་གི་གོང་དུ་མ་ལེ་ཞི་ཡ་དང་ཨ་རབ། མོ་རོ་ཀོ་སོགས་འདུག

སྙན་ཐོ་འདི་བཏོན་པའི་རྗེས་སུ་རྒྱ་ནག་གི་མི་ཁ་ཤས་ཀྱིས་དྲྭ་ལམ་དུ་སྙན་ཐོ་འདི་ཚད་ལྡན་མ་རེད། ཨ་རི་བཙན་རྒྱལ་ལ་ངོ་ཚ་མི་འདུག་ཅེས་པ་སོགས་སྐྱོན་བརྗོད་བྱས་འདུག ཡང་མི་ཁ་ཤས་ཀྱིས་རྒྱ་ནག་ལ་མཚོན་ན་སྲིད་གཞུང་གིས་འགོ་ཁྲིད་ཚོས་དྲང་བདེན་བྱེད་ཀྱི་མེད་པ་དང་ཚོང་ཟོག་ཐོན་རྫས་སོགས་རྫུན་མ་མང་བར་མ་ཟད། ཁྲིམས་ལུགས་ཀྱང་རྩེད་མོ་རྩེད་ཆས་ལྟ་བུ་ཡིན་པ་སོགས་ཀྱི་བརྗོད་ནས་གོང་གི་སྙན་ཐོ་འདིར་མོས་མཐུན་བྱས་འདུག འདིའི་ཐད་ཨ་རིའི་རླུང་འཕྲིན་ཁང་དུ་དཔྱད་བསྡུར་བགློ་གླེང་བྱས་པའི་ནང་དུ་ཉམས་ཞིབ་པ་ཞྰོ་མིན་མཉམ་ཞུགས་བྱས་ནས་སྙན་ཐོ་འདི་ནི་གཟབ་ནན་ངང་ཞིབ་འཇུག་བྱས་པའི་བརྟག་དཔྱད་འབྲས་བུ་ཡིན་པས་འདི་ནི་ཡིད་ཆེས་བྱས་ཆོག་པ་རེད། སྤྱིར་བཏང་མི་ལ་དྲང་བདེན་གྱི་བསམ་བློ་ཡོད་མེད་ཀྱིས་སྤྱི་ཚོགས་སྤྱིའི་གནས་སྟངས་ཤིག་མཚོན་གྱི་ཡོད། མིའི་བསམ་བློའི་ནང་གི་དྲང་བདེན་གྱི་ཚད་འཇལ་རྒྱུ་དེ་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་རུང་བརྟག་དཔྱད་བྱེད་སྟངས་འདི་བརྒྱུད་ནས་ཟུར་བལྟས་ལེབ་མཐོང་གིས་སྡོམ་ཚིག་ཅོག་བཀོད་ཡོད་པར་ཡིད་ཆེས་བྱས་ཆོག་པ་ཞིག་རེད་ཅེས་བཤད་འདུག

སྙན་ཐོ་འདིའི་ནང་གི་ཞིབ་འཇུག་སྡོམ་ཚིག་བཀོད་ཡོད་པའི་རྒྱལ་ཁབ་བཞི་བཅུའི་དཔལ་ཡོན་གྱི་ཆུ་ཚད་ལ་སྤྱིའི་ཆ་ནས་ཞིབ་བསྡུར་ཞིག་བྱུང་ཡོད། ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ལ་མི་གཤིས་ཀུན་སྤྱོད་སོགས་ཀྱི་ཐད་ནས་ཉམས་ཆག་ཆེན་པོ་བྱུང་སྟེ་མི་རྣམས་ལ་ཡོངས་ཁྱབ་ཀྱིས་བདེ་འཇགས་ལྡན་པའི་སེམས་ཁམས་ཞིག་མེད་པའི་སྟབས་ཀྱིས་མི་མང་ཆེ་བའི་སྒེར་སེམས་ཆེ་ནས་ཆེ་རུ་ཕྱིན་ཏེ་མི་གཞན་གྱི་གནས་སྟངས་ལ་བསམ་བློ་མི་གཏོང་བ། མི་ཕན་ཚུན་རྩ་བའི་ཡིད་ཆེས་དང་དྲང་བདེན་བརླག་ཡོད་པའི་གནས་སྟངས་ཤིག་ཆགས་ཤིང་། སྲིད་གཞུང་དང་མི་དམངས་ཀྱི་བར་དུའང་ཁ་གཏད་ཀྱི་འགལ་ཟླ་ཆེན་པོ་ཞིག་ཆགས་ཡོད་པར་མི་དམངས་ཀྱིས་སྡོམ་ཚིག་ཅིག་བཀོད། འདས་པའི་སྐབས་སུ་སྲིད་གཞུང་གིས་ཁྲིམས་འགལ་བྱས་ཀྱང་མི་དམངས་རྣམས་དེ་ལ་ཡིད་ཆེས་མེད་ཀྱང་དེང་སྐབས་མི་དམངས་ལ་སྲིད་གཞུང་གིས་ལས་ཀ་ཡག་པོ་ཞིག་བྱེད་སྲིད་པའི་ཡིད་ཆེས་གཏན་ནས་མེད། འདི་ནི་ད་ལྟའི་རྒྱ་ནག་གཞུང་དང་མི་དམངས་བར་གྱི་འབྲེལ་བ་དང་ཡིད་ཆེས་ཡིན། གནས་སྟངས་འདི་ལྟ་བུ་ཞིག་གི་འོག་ཏུ་སྤྱི་ཚོགས་ཡོངས་ཀྱི་མི་དང་མིའི་བར་གྱི་ཡིད་ཆེས་དང་དྲང་བདེན་ཡང་བརླག་ཡོད་པ་རེད།།

XS
SM
MD
LG