ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་དེར་འགྱུར་བ་མེད།


༄༅།། ཨ་མི་རི་ཀའི་དུས་བབ་གསར་དེབ་ལ་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༦་གི་མཚོན་ཆ་བཙོང་རྒྱུ་འགོག་གི་འདུག འདི་ནི་ཟླ་བ་འདིའི་ཕྱི་ཚེས་༢༨་དང་༢༩་གཉིས་ལ་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་ཀྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་ཐབས་བྱེད་ཀྱི་ཡོད་པ་དེར་འགལ་རྐྱེན་མི་འབྱུང་བའི་ཆེད་དུ་རེད་ཅེས་པའི་གསར་འགྱུར་ཞིག་སྤེལ། ཡིན་ནའང་ཕྱི་ཟླ་༦་ཚེས་ཚེས་༢༥་ཉིན་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་སྟེ། ཨ་མི་རི་ཀའི་དོན་གཅོད་ཁང་གིས་དུས་བབ་གསར་དེབ་ལ་ཐོན་པའི་གསར་འགྱུར་དེར་ཁུངས་ལུང་མེད་པ་དང་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས་པའི་ཡུན་རིང་གི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་དགག་པ་བརྒྱབ། དཔེར་ན་གཟའ་མིག་དམར་ཉིན་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ཉམས་ཞིབ་ཁང་གི་མགྲིན་ཚབ་པ་ཨ་རོན་ཧོང་གིས་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་མེད། ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་གི་ཡོད་པ་ནི་༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ལག་བསྟར་སྲིད་ཇུས་ཀྱི་དགོངས་དོན་ལ་མཐུན་ཡོད་ཅེས་ནན་བརྗོད་བྱས་འདུག

༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། ལོ་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ལག་བསྟར་སྲིད་ཇུས་ཞེས་པའི་ཁྲིམས་ཡིག་ཅིག་གཏན་ལ་ཕབ་སྟེ་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་རྣམས་ཨ་མི་རི་ཀས་ཕྱིར་ཚོང་བྱ་རྒྱུ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ན་ཨ་མི་རི་ཀས་ཐེ་ཝན་དང་རྒྱ་ནག་གི་དམག་འཁྲུག་ལ་བར་འགོག་བྱ་དགོས་ཞེས་གྲོས་ཆོད་བཞག་ནས་བཟུང་། ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་རྒྱ་ནག་གི་ངོ་རྒོལ་ལ་འཛེམ་ཟོན་མེད་པར་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་དེང་རབས་ཅན་གྱི་མཚོན་ཆ་བཙོང་རྒྱུ་མཚམས་ཆད་མེད་ཅིང་། ཨ་མི་རི་ཀས་དུས་བབ་གསར་དེབ་ལ་ཨ་རིའི་ནོར་སྲིད་དྲུང་ཆེས་ཐེ་ཝན་ལ་ལྕགས་འཁྲབ་འཁོར་ལོ་དང་འཕུར་མདེལ་བརྒྱ་ཕྲག་མང་པོའི་དགོས་མཁོ་ཡོད་པ་སྐོང་དུ་འཇུག་གི་མེད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་སྟེ། ཉེ་ཆར་ཨ་རིའི་གཞུང་གིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༦་གི་མཚོན་ཆ་བཙོང་རྒྱུའི་མོས་མཐུན་བྱུང་བ་དེར་ཨ་རིའི་ནོར་སྲིད་དྲུང་ཆེས་མཐའ་མའི་ཆོག་མཆན་འགོད་རྒྱུ་དེར་འགོག་རྐྱེན་རྒྱག་གི་ཡོད་པར་མ་ཟད། དེ་སྔོན་ཨ་མི་རི་ཀའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལའང་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཁག་ཅིག་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་ངང་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་འདུག ཅིའི་ཕྱིར་ཞེ་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་གི་ཡོད་པར་ལན་ཁག་དཀྲིས་ནས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཐོག་ཏུ་ལངས་ཕྱོགས་མཁྲེགས་བྱ་སྲིད། ཞིས་ཅིན་ཕིང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཡག་པོ་ཞིག་ཡོང་དགོས་ན་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་མཚམས་འཇོག་བྱ་དགོས་པའི་ཆ་རྐྱེན་འདོན་སྲིད་ཅེས་གསར་འགྱུར་སྤེལ་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་གི་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨ་མི་རི་ཀའི་ཕྱོགས་ནས་གནད་དོན་དེའི་ཛ་དྲག་གི་རང་བཞིན་ངོས་ཟིན་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཡག་པོ་ཞིག་ཡོང་དགོས་ན་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཆ་རྐྱེན་འདོན་སྲིད་པ་ལྟར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཡག་པོ་ཞིག་ཡོང་བར་ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཐབས་ཇུས་ཤིག་འཛིན་སྲིད་ཅེས་དོགས་སློང་བྱས་ཡོད་ཅིང་། ཨ་མི་རི་ཀས་དུས་བབ་གསར་དེབ་ཀྱིས་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་རང་རང་གི་ཁེ་ཕན་ལ་བསྒྱུར་ཐབས་བྱ་སྲིད། ཨ་མི་རི་ཀར་དེའི་ཐོག་ཏུ་གྲུབ་འབྲས་ལྡན་པའི་གྲོས་མཐུན་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་འདུག ཨོ་ས་ཁར་འཚོགས་ཀྱི་ཡོད་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་རྗེས་སུ་ད་གཟོད་ཨ་མི་རི་ཀས་ཐེ་ཝན་ལ་ལྕགས་འཁྲབ་འཁོར་ལོ་དང་མེ་ཤུགས་འཕུར་མདེལ་བརྒྱ་ཕྲག་མང་པོ་བཙོང་རྒྱུ་ཡིན་མིན་གྱི་མཐའ་མའི་ཐག་གཅོད་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀོ་རི་གྷར་ཌི་ནར་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་གནད་དོན་གཞན་ལ་འབྲེལ་བ་མ་མཐུད་པར་རྒྱུན་ལྡན་ཞིག་ལ་བསྒྱུར་དགོས། ཨ་མི་རི་ཀས་ལོ་གཉིས་རེའི་མཚམས་སུ་ཐེ་ཝན་ལ་མཚོན་ཆ་ཕོན་ཆེན་རེ་བཙོང་དགོས་པའི་གྲོས་གཞི་བཏོན། གྲོས་ཚོགས་འཐུས་མི་གྷར་ཌི་ནར་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་རྒྱུན་ལྡན་ཞིག་ལ་བསྒྱུར་ན་ཆབ་སྲིད་ཀྱི་དགོས་མཁོ་དེ་ཚོར་བཀོལ་སྤྱོད་བྱེད་མི་ཐུབ། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འགལ་ཟླ་མཇུག་བསྒྲིལ་པར་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་རྩོད་གཞི་ཞིག་ཏུ་འགྱུར་གྱི་ཡོད་པའང་ཡོང་གི་མ་རེད་ཅེས་རྩོད་པ་བརྒྱབ་འདུག ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གདན་འདྲེན་ཞུས་ནས་ཨ་རིའི་གྲོས་ཚོགས་གོང་འོག་ལ་གཏམ་བཤད་བྱེད་དུ་འཇུག་དགོས། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་རྒྱ་ནག་ལ་ངོ་རྒོལ་བྱ་དགོས། ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་ཐེ་ཝན་གྱི་གཞུང་ཚབ་ཁང་གི་ངོ་བོར་བསྒྱུར་ནས་གོ་གནས་མཐོ་རུ་གཏོང་དགོས། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་དེར་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་གཅོད་མཁན་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།།

འདི་ཙམ་ན་ཕྱི་ཟླ་༦་ཙེས་༢༥་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་འདུག རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ལེའོ་ནིང་དམག་གྲུ་ཆེན་མོ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐོར་གཡེང་ལ་བསྐྱོད་པ་ལེགས་གྲུབ་བྱུང་སྟེ་ཆིང་ཏའོ་གྲུ་ཁར་ཕྱིར་ལོག་མ་བྱས་གོང་དུ་བྱང་ཕྱོགས་སུ་ཁ་ལོ་བསྒྱུར་ནས་ཐེ་ཝན་མཚོ་འགག་ལ་སྐོར་སྐྱོད་བྱས་པ་ཡིན་ཞེས་བཤད། འོན་ཀྱང་རྒྱ་ནག་གི་དམག་གྲུ་ཆེན་མོར་དམག་གྲུ་ཆུང་ཁག་འགའ་ཞིག་གིས་མཐའ་བསྐོར་ནས་སྲུང་སྐྱོབ་བྱས་པ་དང་ལེའོ་ནིང་དམག་གྲུ་ཆེན་མོ་ནི་ཨུ་རུ་སུ་དམར་ཤོག་གི་དུས་སུ་བཟོ་སྐྲུན་བྱས་པའི་དམག་གྲུ་རྙིང་པ་ཞིག་ཡིན་རུང་རྒྱ་ནག་གཞུང་གིས་དམག་གྲུ་དེ་ཡུཀ་རེན་གྱི་ལག་ནས་ཉོས་ཏེ་ལོ་འགའ་ཞིག་རིང་བཟོ་བཅོས་བརྒྱབ་ནས་༢༠༡༢་ནས་རྒྱ་ནག་གི་མཚོ་དམག་ལ་བཀྲམ། ཟླ་སྟོད་འདིར་རྒྱ་ནག་གི་ལེའོ་ནིང་དམག་གྲུ་ཆེན་མོ་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཱི་ཡ་ཀོ་མཚོ་འགག་བརྒྱུད་ནས་ཟླ་བ་གཅིག་གི་རིང་ལ་ཞི་བདེ་རྒྱ་མཚོའི་ནང་དུ་སྐོར་སྐྱོད་བྱས་པ་དང་ཉི་ཧོང་གི་རྒྱལ་སྲུང་ལྷན་ཁང་གིས་རྟོག་ཞིབ་བྱས་པ་ལྟར་ན་སྐབས་དེར་རྒྱ་ནག་གི་མཚོ་དམག་གིས་སྦྱོང་བརྡར་ཞིག་ཀྱང་བྱས་འདུག ༢༠༡༦་ལོར་ཡང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་རྒྱང་སྐྱོད་ཆེན་པོ་ཞིག་བྱས་ཡོད་པ་རེད།།

XS
SM
MD
LG