ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་གུར་བའི་རྩོམ་པ་པོ་ཞིག་བཀག་ཉར་ཁང་དུ་འདས་གྲོངས།


རྒྱ་ནག་གཞུང་གིས་བཀག་ཉར་ཁང་དུ་བཅུག་པའི་ཞིན་ཅང་ཡུ་གུར་བའི་རྩོམ་པ་པོ་མིང་གྲགས་ཅན་ནོམ་མོ་ཧ་མེཏ་ཊོར་ཊེ་ཟེར་པ་ཞིག་ཉེ་ཆར་བཀག་ཉར་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན། ད་ལྟ་ཁེ་ན་ཌར་རྩོམ་པ་པོ་འདས་པོ་དེའི་གཉེན་ཚན་ཞིག་ཡོད་པ་དེས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་སྔ་ལོར་རྒྱ་གཞུང་གི་ཉེན་རྟོག་པས་རྩོམ་པ་པོ་དེ་ཁྱིམ་དུ་འཛིན་བཟུང་བཙན་ཁྲིད་བྱས་ནས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་སའམ། ཡོངས་གྲགས་སུ་བསམ་བློ་སྒྱུར་བཀོད་ཁང་ཟེར་པའི་བཀག་ཉར་ཁང་དུ་ཚུད་དེ་ཉེ་ལམ་འདས་གྲོངས་སུ་གྱུར་འདུག

རྩོམ་པ་པོའི་ཚ་མོ་བྷི་ན་ཨེ་ཆིས་བཤད་པ་ལྟར་ན་བདུན་ཕྲག་སྔོན་མར་ཁོ་མོས་ཞིན་ཅང་དུ་ཡོད་པའི་མེས་མོ་ལ་ཁ་པར་བཏང་སྟེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྩོམ་པ་པོ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་འཁོད་པ་བདེན་པ་ཡིན་མིན་དྲིས་པ་ཡིན། སྐབས་དེར་མེས་མོས་རྩོམ་པ་པོ་འདས་གྲོངས་སུ་གྱུར་ནས་ཉིན་༡༡་འགོར་ཡོད་ཅེས་གནས་ཚུལ་གསལ་པོར་བཤད་ཀྱང་ཕྱིས་སུ་ཁྱིམ་ཚང་དེར་ཉེན་རྟོག་པ་ཡོང་ནས་ཕྱི་རྒྱལ་དུ་ཡོད་པའི་གཉེན་ཚན་ཚོར་ཁ་པར་བཏང་ནས་ཁ་བརྡ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པར་མ་ཟད། དེ་སྔོན་ཁ་པར་གྱི་ལམ་ནས་གནས་ཚུལ་ཅི་ཞིག་བཤད་ཡོད་མེད་སོགས་འདྲི་རྩད་བྱས་ཡོད་པ་རེད།

ཕྱི་རྒྱལ་དུ་ཡོད་པའི་གཉེན་ཚན་ཚོས་རྩོམ་པ་པོ་དེར་བཀག་ཉར་ཁང་དུ་ཉེན་རྟོག་པས་མནར་གཅོད་བཏང་ནས་འདས་གྲོངས་སུ་གྱུར་པའམ། ཡང་ན་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པར་འདས་གྲོངས་སུ་གྱུར་པ་ཡིན་མིན་དབྱེ་བ་གསལ་པོ་ཞིག་ཆོད་མེད་ཅིང་། ཐ་ན་ཡུ་གུར་བའི་རྩོམ་པ་པོ་དེ་བཀག་ཉར་ཁང་དུ་འདས་གྲོངས་སུ་གྱུར་པའམ། ཡང་ན་རང་ཁྱིམ་དུ་གྲོངས་མིན་གྱི་གནས་ཚུལ་ཁ་གསལ་ཞིག་ཀྱང་ཡུལ་མི་ཚོའི་བདེ་འཇགས་ལ་གནོད་སྲིད་པའི་འཇིགས་སྣང་གིས་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་ལོ་ན་༧༠་དོན་གྲངས་ལ་སོན་པའི་གཅིན་སྙིའི་ན་ཚ་ཡོད་པའི་མི་རྒན་ཞིག་བཀག་ཉར་ཁང་དུ་བཅུག་ནས་ཤི་རུ་བཅུག་པ་ནི་ཁྲིམས་ལུགས་ལ་མི་མཐུན་པ་དང་བློ་ཡུལ་ལས་འདས་པའི་བྱ་སྤྱོད་ཅིག་རེད་ཅེས་བཤད་འདུག

ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཚོགས་པ་སྟེ། ཨ་རིའི་སྨྱུག་འཛིན་ཚོགས་པས་ཡུ་གུར་བའི་རྩོམ་པ་པོ་དེ་འདས་གྲོངས་སུ་གྱུར་པར་སྤྱི་ཚེས་༡༨་ཉིན་གསལ་བསྒྲགས་ཞིག་སྤེལ་ནས་རྩོམ་པ་པོ་ནོམ་མོ་ཧ་མེཏ་ཊོར་ཊེ་འདས་གྲོངས་སུ་གྱུར་པ་ནི་བློ་ཡུལ་ལས་འདས་པ་དང་རྒྱ་ནག་གཞུང་གིས་ཡུ་གུར་བ་སོགས་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་རིན་ཐང་གི་ལྟ་བ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད། གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཟླ་བ་འདིའི་སྤྱི་ཚེས་༡༢་ཉིན་གསལ་བསྒྲགས་སྤེལ་ནས་རྒྱ་ནག་གཞུང་གིས་ཡུ་གུར་བའི་གསར་འགོད་པ་དང་སློབ་ཕྲུག རྩོམ་པ་པོ་སོགས་ཤེས་ཡོན་ཅན་བརྒྱ་ཕྲག་མང་པོ་བཀག་ཉར་ཁང་དུ་བཅུག་ཡོད། ད་སྔ་ཁོ་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན་ཞིན་ཅང་གི་ཡུ་གུར་བ་༣༦༨་གར་སོང་ཆ་མེད་དུ་གྱུར་པ་དེའི་གྲས་ཀྱི་མི་༡༠༡་སློབ་ཕྲུག་ཡིན། ཉམས་ཞིབ་མཁས་པ་དང་གསར་འགོད་པ། སྒྱུ་རྩལ་བ་སོགས་གར་སོང་ཆ་མེད་དུ་གྱུར་པའི་མི་༢༨༥་ཡོད། འདི་ནི་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཤེས་ཡོན་ཅན་ལ་དམིགས་བསལ་གྱིས་དམ་དྲག་དང་མནར་གཅོད་གཏོང་བཞིན་པའི་ཆ་ཤས་ཙམ་ཡིན། གར་སོང་ཆ་མེད་དུ་གྱུར་ཡོད་པའི་མི་༣༨༦་ཁོངས་ནས་མི་༤་ཡས་མས་ཤིག་བཀག་ཉར་ཁང་ནས་གློད་གྲོལ་བཏང་འདུག་ཅེས་བཤད།

ད་སྔ་རྒྱལ་སྤྱིའི་སྟེང་དུ་ཡོངས་གྲགས་སུ་རྒྱ་ནག་གཞུང་གིས་ཁྱོན་བསྡོམས་ཞིན་ཅང་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་འདུག་ཅེས་བཤད་ཀྱང་རྒྱ་ནག་གཞུང་གིས་དེ་ནི་བཀག་ཉར་ཁང་མིན། ཆོས་ལུགས་དང་འཇིགས་སྐུལ། ཁ་བྲལ་སོགས་མཐའ་ལྷུང་གི་ལྟ་བས་ཤན་ཞུགས་ཐེབས་པའི་མི་ཚོར་ལག་ཤེས་སློབ་སྦྱོང་སྤྲོད་སའི་སློབ་གྲྭ་ཡིན་ཞེས་འགྲེལ་བཤད་ཐ་དད་རྒྱག་གི་ཡོད་ཅིང་། གཟའ་འཁོར་འདིར་དབྱིན་ཇིའི་བྷི་བྷི་སིའི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིན་ཅང་གི་བཀག་ཉར་ཁང་ཁག་ཅིག་ལ་ལྟ་སྐོར་དུ་ཁྲིད། ལག་ཤེས་སློབ་གྲྭ་ཡིན་ཟེར་པའི་ཁང་པ་དེའི་ནང་དུ་ཡུ་གུར་བའི་ན་གཞོན་ཕོ་མོ་ཚང་མས་བྲོ་འཁྲབ་པ་དང་རྒྱ་ཡིག་སྐད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ། ལུས་རྩལ་སྦྱོང་བརྡར་དང་གློག་ཀླད་བཀོལ་སྤྱོད་བྱས་ནས་རང་སྦྱོང་བྱེད་ཀྱི་ཡོད་པ། སྔོན་ཆད་ཞིན་ཅང་གི་ས་གནས་གང་སར་བཞེངས་ཡོད་པའི་ཁ་ཆེའི་ལྷ་ཁང་རྣམས་གཏོར་བཤིག་བཏང་ནས་དེའི་ཤུལ་དུ་ཁང་ཆེན་དང་རྩེད་ཐང་། མི་དམངས་སྤྱི་གླིང་སོགས་འཛུགས་སྐྲུན་བྱེད་པ་དང་། ཡུ་གུར་བའི་སྲོལ་རྒྱུན་གྱི་རྣམ་པ་ལྡན་པའི་ཁང་པ་རྣམས་ཀྱང་གཏོང་བཤིག་བཏང་ནས་དེང་རབས་ཀྱི་ཁང་ཆེན་རྣམས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དངོས་སུ་མཐོང་ཡོད་པ་རེད།།

XS
SM
MD
LG