ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་བསྐྱོད་རྒྱུ།


༄༅།། གཟའ་ཟླ་བའི་དགོང་མར་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་བདུན་ཕྲག་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་ཡིན་ཞེས་བསྒྲགས། འདི་ནི་ལོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཅིག་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ཐེངས་དང་པོ་ཡིན་ཞིང་། ༢༠༠༥་ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་བྱང་ཀོ་རི་ཡར་ཉིན་གསུམ་གྱི་འཚམས་འདྲིར་ཕེབས་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་འབྲེལ་ལམ་ལྷན་ཁང་གི་མགྲིན་ཚབ་པ་ཧུ་ཀྲའོ་མཱིང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་གདན་འདྲེན་ཞུས་པ་ལྟར་སྲིད་འཛིན་ཞིས་ཅིན་ཕིང་བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་གཟའ་པ་སངས་བར་དུ་བཞུགས་འཆར་ཡོད་ཅེས་བཤད། བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཁ་སྔོན་ཕྱི་ཟླ་དང་པོ་ནས་ལོ་འདིར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་མོས་མཐུན་བྱས་སོང་ཞེས་གསར་འགྱུར་སྤེལ་རུང་ཕྱི་ཟླ་༦་ཚེས་༡༧་བར་དུ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀས་ཞིས་ཅིན་ཕིང་གི་འཚམས་གཟིགས་དེའི་ཚེས་གྲངས་ངེས་གཏན་བྱས་མེད། ཟླ་མཇུག་འདིར་ཉི་ཧོང་གི་ཨོ་ས་ཁ་ས་གནས་སུ་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀྱང་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་རེད།།

ཕྱི་ལོ་༢༠༡༢་ལོར་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་སྲིད་དབང་བཟུང་སྟེ་ཞིས་ཅིན་ཕིང་རང་གི་ཁྱིམ་མཚེས་རྒྱལ་ཁབ་དེར་འཚམས་འདྲིར་ཕེབས་དགོས་པའི་གདན་འདྲེན་ཐེངས་འགའ་ཞིག་ཞུས་ཀྱང་རྒྱ་ནག་གཞུང་གིས་དང་ལེན་བྱས་མེད་པར་མ་ཟད། ཀིམ་ཇུང་ཨུན་རྒྱ་ནག་ལའང་གཏན་ནས་གདན་འདྲེན་ཞུས་མེད། ན་ནིང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གློ་བུར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་ཆོག་ཅེས་མོས་མཐུན་བྱས་པས་རྒྱ་ནག་གིས་གློ་བུར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་པེ་ཅིང་ལ་གདན་འདྲེན་ཞུས་ནས་ཐུག་འཕྲད་གྲོས་མོལ་བྱས་པ་དང་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་བྱ་རྒྱུའང་ལྷོད་ཡང་བཏང་ཞིང་། ཉེ་ཆར་ཕྱི་ཟླ་༢་གཉིས་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་མ་བྱས་གོང་དུའང་ཀིམ་ཇུང་ཨུན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱུང་ཡོད། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཚམས་ཆད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་ཀྱི་ཚོང་དམག་ཅིག་རྒྱག་གི་ཡོད་པས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་པ་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་འཆར་ཡོད་པའི་མཚམས་འདིར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ལ་བྲོས་བྱོལ་དུ་ཡོང་བའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་ཚོར་རྒྱ་ནག་གཞུང་གིས་ལྟ་སྐྱོང་བཟང་པོ་བྱ་དགོས། ལྷག་པར་དུ་བྱང་ཀོ་རི་ཡའི་བུ་མོ་ན་གཞོན་མ་དང་བུད་མེད་མང་པོ་ཞིག་རྒྱ་ནག་ལ་བྲོས་བྱོལ་དུ་ཡོང་གི་ཡོད་པ་གཞང་ཁང་ཁག་ལ་བཙོང་གི་ཡོད་པ་འགོག་དགོས། རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རྣམས་འཛིན་བཟུང་བྱས་ནས་རང་ཡུལ་ལ་ཕྱིར་སློག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བུད་མེད་གཙོ་བོར་གྱུར་པའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་ཁྲི་ཚོ་༥་ནས་འབུམ་༢་ཡས་མས་ཤིག་རྒྱ་ནག་གི་ས་ཐོག་ཏུ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌི་དང་ཝྭི་ཏེ་ནམ། ལའོ་སི་སོགས་རྒྱལ་ཁབ་འགའ་ཞིག་གིས་རང་གི་ས་ཐོག་ལ་བྲོས་བྱོལ་དུ་ཡོང་བའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་སློག་མ་བྱས་པར་ལྷོ་ཀོ་རི་ཡར་འགྲོ་རུ་འཇུག་གི་ཡོད་རུང་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་ཚོར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་འབྲེལ་ལམ་ལྷན་ཁང་གི་མགྲིན་ཚབ་པས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ཕྱོགས་གཉིས་ཀྱི་འབྲེལ་བར་སྟོབས་ཤུགས་གསར་སྣོན་བྱེད་པའི་ཆེད་དུ་ཡིན་ཞེས་བསྒྲགས་ཀྱང་ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གི་འཚམས་འདྲི་དེ་རྒྱ་ནག་གིས་བྱང་ཀོ་རི་ཡར་སྔར་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཐབས་ཤིག་ཡིན་པ་སྟེ། འདས་པའི་ལོ་གཅིག་ལྷག་གི་རིང་དེར་ཀིམ་ཇུང་ཨུན་རྒྱ་ནག་ལ་ཐེངས་བཞི་ཕེབས་ཡོད། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་བ་དང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུའི་རྟགས་མཚན་རེ་བྱུང་ན་རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་གི་འདུག ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཕྱིན་པ་དང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་ཕྱིན་ན་རྒྱ་ནག་གིས་བྱང་ཀོ་རི་ཡར་ཤུགས་རྐྱེན་ཐེབས་མི་ཐུབ་པའི་ཉེན་ཀ་ཡོད་པས་རྒྱ་ནག་གཞུང་ལ་བློ་འཚབ་ཡོད་པ་མངོན་གསལ་དོད་པོ་རེད་ཅེས་གླེང་། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་སྲིད་འཛིན་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་ཀོ་རི་ཡའི་གླིང་ཟུར་གྱི་གནས་སྟངས་དང་ཀོ་རི་ཡའི་གླིང་ཟུར་གྱི་གནད་དོན་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པར་ཤུགས་སྣོན་རྒྱག་ཕྱོགས་སོགས་ལ་གྲོས་བསྡུར་བྱ་འཆར་ཡོད་ཅེས་བསྒྲགས། རྒྱ་ནག་ནི་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ཏུ་ཡོད་པའི་མཐུན་གྲོགས་གཙོ་བོ་དང་ཚོང་གྲོགས་རྒྱལ་ཁབ་འབའ་ཞིག་དེར་གྱུར་འདུག

སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཐུག་འཕྲད་བྱ་རྒྱུ་དེར་བདུན་ཕྲག་གཅིག་ལས་མེད་པའི་མཚམས་སུ་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་མཚོན་དོན་ཟབ་མོ་ཞིག་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་ན་རྒྱ་ནག་གི་རྒྱབ་སྐྱོར་མེད་པར་ནམ་ཡང་གནད་དོན་ཐག་གཅོད་བྱེད་མི་ཐུབ་པའི་བརྡ་ཞིག་གཏོང་གི་ཡོད་པའི་རྟགས་མཚན་ཡིན་སྲིད། ན་ནིང་ཕྱི་ཟླ་༦་པར་ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་པ་དང་ད་ལོའི་ཕྱི་ཟླ་༢་པར་ཝྭི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ཀོ་རི་ཡའི་གླིང་ཟུར་དེ་ཉིད་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་བྱས་ཀྱང་གྲོས་མོལ་དེ་ཚོར་གྲུབ་འབྲས་གང་ཡང་མ་ཐོན། བྱང་ཀོ་རི་ཡའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན་རྒྱ་ནག་གཞུང་གིས་བསམ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་དེའི་བདུན་ཕྲག་གཅིག་གི་སྔོན་དེར་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་རྒྱུའི་དུས་ཚོད་གཏན་འབེབས་བྱས་སོང་ཞེས་བཤད། ད་དུང་ཉེ་བའི་ཉིན་ཤས་ཤིག་ནས་རྒྱ་ནག་གི་དམག་དང་ངལ་རྩོལ་བ་མང་པོ་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་འཛུགས་སྐྲུན་བྱས་ཡོད་པའི་མཛའ་འབྲེལ་མཁར་ལྕོག་མདུན་དུ་འཛོམས་ནས་ལྕང་མའི་ལོ་མ་བྲེགས་པ་དང་མེ་ཏོག་བཏབ་པ་སོགས་ཀོ་རི་ཡའི་དམག་འཁྲུག་ལ་རྒྱ་ནག་མཉམ་ཞུགས་བྱས་ནས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱས་པའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།།

XS
SM
MD
LG