ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་དཀར་ནག་གི་འགོ་ཁྲིད་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟ་ཀིར་གྷི་སི་ཐན་གྱི་རྒྱལ་ས་བྷི་ཤི་ཀེག་གྲོང་ཁྱེར་དུ་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་དང་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་སོགས་མཉམ་ཞུགས་བྱས་འདུག རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་བསྐྱར་དུ་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་བྱུང་བར་བཀྲ་ཤིས་བདེ་ལགས་ཀྱི་འཚམས་འདྲི་ཐེངས་གཉིས་པ་ཞུས་པར་མ་ཟད། རྒྱ་དཀར་ནག་གཉིས་ལ་མཚོན་ན་འཛམ་གླིང་སྟེང་གི་མི་གྲངས་དུང་ཕྱུར་༡༠་ཡན་ཆད་ཟིན་པའི་འཛད་སྤྱོད་པའི་ཁྲོམ་ར་རྒྱ་ཆེན་པོ་ཡོད་པའི་རྒྱལ་ཁབ་གཉིས་ཡིན། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པའི་སྟབས་ཀྱིས་ཕྱོགས་གཉིས་ཀས་དཔལ་འབྱོར་སོགས་གང་ཅིའི་ཐད་དུ་མཉམ་འབྲེལ་བྱས་པ་ཡིན་ན་རྒྱལ་ཁབ་གཉིས་ཀྱི་ཡར་རྒྱས་ལ་དགེ་མཚན་ཆེ། ཤར་གླིང་དང་འཛམ་གླིང་སྤྱིའི་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་བཅས་ལའང་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཅེས་བཤད།།

རྒྱ་གར་གྱི་སྲིད་བློན་མོ་དྷིས་ཀྱང་ན་ནིང་ཞིས་ཅིན་ཕིང་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱུང་བ་དེ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་གྱུར་ཡོད། ང་ཚོ་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་སེལ་ཐབས་དང་ཕྱོགས་ཡོངས་ནས་མཉམ་ལས་བྱ་རྒྱུར་ནུས་པ་ཆེན་པོི་ཐོན་ཡོད་ཅེས་བཤད། གཞན་༢༠༢༠་ནི་རྒྱ་དཀར་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་༧༠་འཁོར་གྱི་ཡོད་པའི་ལོ་ཡིན་པས་ལོ་འདིར་གཞུང་འབྲེལ་རྗེས་དྲན་གྱི་ལས་རིམ་ཇི་ལྟར་བཀོད་སྒྲིག་བྱེད་མིན་སོགས་དང་རྒྱ་གར་དུ་རྒྱ་ནག་གི་ཀྲུང་གོའི་དངུལ་ཁང་འཛུགས་རྒྱུ། པ་ཀི་སི་ཐན་དང་རྒྱ་ནག་གི་འབྲེལ་བ། སྲིད་འཛིན་ཞིས་ཅིན་ཕིང་ལོ་མཇུག་འདིར་སླར་ཡང་རྒྱ་གར་དུ་ཕེབས་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་ཐེངས་གཉིས་པ་བྱ་རྒྱུུ་སོགས་ལ་གླེང་སློང་བྱུང་འདུག

རྒྱ་གར་ནི་ཨ་རི་དང་རྒྱ་ནག་གི་ཚོང་དམག་བར་དུ་ཚུད་ཡོད་ཅིང་། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་དང་རྒྱ་ནག་གི་བརྙན་མིག་བཟོ་ཚོང་ཁང་སོགས་ལ་ཨ་རིའི་གཞུང་གིས་ཚོང་འབྲེལ་བཅད་ནས་འཕྲུལ་རིག་ལག་རྩལ་གྱི་འགལ་ཟླ་སོགས་ཕྱོགས་གང་ཐད་དུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་མི་འབོར་དུང་ཕྱུར་༡༠་ལྷག་ཡོད་པའི་རྒྱ་གར་ནི་ཨ་རི་དང་རྒྱ་ནག་གཉིས་ཀས་རང་གི་མཐུན་ཕྱོགས་སུ་འགུག་ཐབས་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་ཀྱང་མངོན་གསལ་དོད་པས་རྒྱ་གར་རང་ཕྱོགས་སུ་འགུག་ཐུབ་པའི་ནུས་ཤུགས་ཆེན་པོ་འདོན་གྱི་ཡོད་པ་དང་། ཉེ་ཆར་སྤྱི་ཟླ་༥་པའི་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་གློ་བུར་དུ་རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ལོ་ཀྲོ་ཧོའུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་འདུག

རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་དམིགས་བསལ་གྱིས་དབུས་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ཞིག་ལ་བསྐོ་བཞག་བྱས་པ་ནི་རྒྱ་ནག་གིས་རྒྱ་གར་ལ་བཟང་ཕྱོགས་ཀྱི་འབྲེལ་བ་འཛུགས་རྒྱུའི་གྲ་སྒྲིག་ཆེན་པོི་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་དབྱེ་ཞིབ་བྱེད་བཞིོན་འདུག གཞན་ཡང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་འཛིན་སྐྱོང་ལས་ཡུན་ཐེངས་དང་པོར་རྒྱ་གར་དུ་འཚམས་འདྲིར་ཕེབས་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་བྱས་པའི་སྐབས་ཀྱི་ལས་རིམ་མང་པོ་ཞིག་ཀྱང་སྐབས་དེའི་རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ལོ་ཀྲོ་ཧོས་ཀྱིས་བཀོད་སྒྲིག་འོག་ཏུ་བྱུང་ཡོད་ཅིང་། ལོ་གཉིས་ཀྱི་གོང་ལ་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་དཔུང་འགྲེམ་འཇོག་བྱསནས་འཐབ་དྲག་རྒྱག་གྲབས་བྱུང་བའི་འགལ་ཟླ་རྣམས་ཞི་འཇམས་སུ་འགྲོ་བར་གཞུང་ཚབ་པ་ལོ་ཀྲོ་ཧོས་ཀྱིས་ནུས་པ་ཆེན་པོ་ཐོན།

ཐེངས་འདིའི་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་ཚོ་ཐུག་འཕྲད་བྱས་པའི་གནས་ཚུལ་འདི་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་དྲྭ་ཚིགས་བཀོད་པ་ཐེངས་དང་པོ་ཡིན་པ་དང་གསལ་བསྒྲགས་དེར་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་བཀོད། རྒྱ་གར་གྱི་སྲིད་བློན་མོ་དྷིས་རང་སྒེར་གྱི་དྲྭ་ལམ་དུ་རྒྱ་དཀར་ནག་གོ་ཁྲིད་གཉིས་ཐུག་འཕྲད་བྱས་པའི་གནས་ཚུལ་རགས་བསྡུས་ཤིག་ལས་བཀོད་མེད་པས་ཕྱོགས་གཉིས་ཀས་ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་གསར་ལམ་ཁག་ཏུ་དབྱེ་ཞིབ་བྱས་འདུག

XS
SM
MD
LG