ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་ལ་ལེགས་བཅོས།


༄༅།། འདས་པའི་ལོ་བཅུ་ཕྲག་གཅིག་གི་སྔོན་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱིས་མཉམ་འབྲེལ་ཐོག་ཏུ་འཐབ་འཛིང་གནམ་གྲུ་གསར་པ་ཞིག་བཟོ་སྐྲུན་བྱ་རྒྱུ་འགོ་ཚུགས་ཏེ། ཕྱི་ཟླ་༥་ཚེས་༢༢་ཉིན་རྒྱ་ནག་གིས་བཟོ་བཅོས་བརྒྱབ་སྟེ་ཡར་རྒྱས་བཏང་བའི་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་པ་ཀི་སི་ཐན་ལ་མཁོ་སྤྲོད་བྱས་ནས་རྒྱལ་ཁབ་དེའི་གནམ་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ཞིང་། གནམ་གྲུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སོགས་ཞི་དྲག་གི་ཆེས་མཐོའི་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་པ་དང་། པ་ཀི་སི་ཐན་གྱི་གནམ་དམག་གི་ཁ་ལོ་བ་ཚོས་བཟོ་བཅོས་བརྒྱབ་ཟིན་པའི་འཐབ་འཛིང་གནམ་གྲུ་ཁག་ལ་ཚོད་ལྟ་བྱས་ནས་བར་སྣང་ཁམས་སུ་འཕུར་སྐྱོད་བྱས་འདུག ཐོག་མར་༢༠༠༧་ལོར་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་མཉམ་འབྲེལ་འཐབ་འཛིང་གནམ་གྲུ་བཟོ་སྐྲུན་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཕྱིས་སུ་པ་ཀི་སི་ཐན་གྱི་གནམ་དམག་གིས་JF-17 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མང་པོ་ཞིག་མངགས་ཉོ་བྱས་ཏེ་གནམ་དམག་ལ་བཀྲམ། ལོ་བཅུ་ཕྲག་གཅིག་ལ་བཀོལ་སྤྱོད་བྱས་པའི་རྗེས་སུ་༢༠༡༧་ལོའི་ཕྱི་ཟླ་༡༡་པ་ནས་རྒྱ་ནག་གིས་སླར་ཡང་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་དེ་ཚོར་བཟོ་བཅོས་བརྒྱབ་ནས་ཡར་རྒྱས་བཏང་སྟེ་འཐབ་འཛིང་གི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།།

རྒྱ་ནག་གི་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་གཞུང་གཉེར་ཁྲང་ཧྲ་གནམ་གྲུ་བཟོ་ཚོང་ཁང་གིས་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་གནམ་གྲུ་བཟོ་ཚོང་ཁང་དེའི་བཟོ་གྲྭ་ཨ་མ་རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་དུ་ཚུགས། རྒྱ་ནག་གི་རྒྱལ་སྲུང་ཉམས་ཞིབ་མཁས་པ་ཧྥུ་ཆན་ཧྲའོ་ཞེས་པ་ཞིག་གིས་ཁྲང་ཧྲ་གནམ་གྲུ་བཟོ་ཚོང་ཁང་གིས་རང་གི་ཐོན་རིམ་གསུམ་པ་དང་བཞི་པའི་འཐབ་འཛིང་གནམ་གྲུ་རྣམས་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་བཞིན་ཡོད། ད་ལྟ་ཁྲང་ཧྲ་གནམ་གྲུ་བཟོ་ཚོང་ཁང་གིས་ཕྱིར་ཚོང་བྱས་པའི་གནམ་གྲུ་ཁག་ལ་བཟོ་བཅོས་བརྒྱབ་སྟེ་ཡར་རྒྱས་བཏང་བ་ཐེངས་དང་པོ་ཡིན། JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ཚད་ལྡན་པའི་གནམ་གྲུ་ཞིག་ཡིན་པ་དང་ད་ལྟ་འཐབ་འཛིང་གནམ་གྲུ་དེ་ཚོར་བཟོ་བཅོས་བརྒྱབ་ནས་ཡར་རྒྱས་བཏང་བ་ནི་གནམ་གྲུ་དེའི་འཕེལ་རྒྱས་རྒྱུད་རིམ་ཁྲོད་དུ་སླར་ཡང་ཡར་རྒྱས་ཀྱི་ལམ་རྟགས་གསར་པ་ཞིག་བརྒལ་བ་མཚོན་ཐུབ། གནམ་གྲུ་བཟོ་བཅོས་ཀྱི་ཁོངས་སུ་བདག་གཅེས་དང་ལྷུ་ལག་བཟོ་བཅོས། ལྷུ་ལག་དང་ཡོ་བྱད་རྙིང་པ་རྣམས་གསར་པ་བརྗེ་རྒྱུ། གནམ་གྲུའི་བཟོ་དབྱིབས་དང་འཕྲུལ་ཆས་ཨ་མ་བཅས་པ་ཡར་རྒྱས་བཏང་འདུག ད་ལྟ་བཟོ་བཅོས་བརྒྱབ་ཟིན་པའི་རྗེས་སུ་འཐབ་འཛིང་གནམ་གྲུ་དེ་ཚོར་སྔར་ལས་ལྷག་པའི་འཕུར་ཤུགས་དང་མྱུར་ཚད་ཇེ་ཆེ། རེ་ཌར་འཕྲུལ་ཆས་ལ་གཡོལ་ཐུབ་པ་སོགས་ཀྱི་ནུས་པ་ཆེ་རུ་ཕྱིན་འདུག་ཅེས་བཤད།།

འོན་ཀྱང་རྒྱ་ནག་གི་གནམ་གྲུའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་དང་ཐོན་རིམ་ལྔ་པའི་འཐབ་འཛིང་གནམ་གྲུ་སོགས་རྒྱ་ནག་གིས་བཟོ་སྐྲུན་བྱེད་ཐུབ་ཀྱི་ཡོད་ཀྱང་རྒྱ་ནག་གི་དམག་དོན་གནམ་གྲུའི་འཕྲུལ་རིག་ལག་རྩལ་རྣམས་ཨུ་རུ་སུའི་འཕྲུལ་རིག་ལག་རྩལ་ལ་རྒྱ་ཆེན་པོ་ཞིག་བརྟེན་ཡོད་ཅིང་། གལ་སྲིད་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་དམག་དོན་གནམ་གྲུ་ཁག་གི་འཕྲུལ་ཆས་དང་ལྷུ་ལག་རྣམས་ཕྱིར་ཚོང་མ་བྱས་ན་རྒྱ་ནག་རང་མགོ་ཐོན་ཐུབ་པའི་ཚད་དེར་སླེབས་དཀའ། རྒྱ་ནག་གི་རྒྱལ་སྲུང་ཉམས་ཞིབ་མཁས་པ་ཧྥུ་ཆན་ཧྲའོ་ཡིས་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་རྒྱ་ནག་གིས་བདག་གཅེས་དང་ལེགས་བཅོས། ལྷུ་ལག་འགའ་ཞིག་གསར་པ་བརྗེ་ཐུབ་ཀྱང་གནམ་གྲུ་དེར་སྤྱི་ཡོངས་ཀྱི་བཟོ་བཅོས་དང་ལེགས་བཅོས་ཆེན་པོ་ཞིག་བྱ་དགོས་ན་མགོ་ཉོག་ཆེན་པོ་ཞིག་ཡོད། བཟོ་བཅོས་ཆེན་པོའི་རིགས་རྣམས་གནམ་གྲུའི་མ་ལག་ཕྱིར་ཚོང་བྱེད་མཁན་ཚོས་བཟོ་བཅོས་རྒྱག་དགོས་ཞེས་བཤད་ཡོད་པར་བལྟས་ཚེ། རྒྱ་ནག་གིས་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་ཁག་ལ་བཟོ་བཅོས་བརྒྱབ་ནས་ཡར་རྒྱས་བཏང་རུང་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཚོར་གཞི་རྩའི་ཆ་ནས་ཡར་རྒྱས་ཆེན་པོ་ཞིག་གཏོང་ཐུབ་མེད་པ་ར་འཕྲོད།།

པ་ཀི་སི་ཐན་གྱི་གནམ་གྲུའི་བཟོ་བཅོས་ཆེད་ལས་པ་བཅུ་ཕྲག་མང་པོ་རྒྱ་ནག་ལ་བཏང་ནས་སྦྱོར་བརྡར་འཐོབ་རྒྱུ་དང་རྒྱ་ནག་གི་འཕྲུལ་རིག་མཁས་པ་ཚོར་མཉམ་འབྲེལ་བྱས་ནས་གནམ་གྲུ་བཟོ་བཅོས་གཏོང་རྒྱུ་དེར་སློབ་སྦྱོང་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གི་རྒྱལ་སྲུང་ཉམས་ཞིབ་མཁས་པ་ཧྥུ་ཆན་ཧྲའོ་ཡིས་གནམ་གྲུ་བཟོ་བཅོས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་འགོ་ཚུགས་པའི་རྗེས་སུ་ལས་དོན་ཡག་པོ་གྲུབ་ཡོད། མ་འོངས་པར་པ་ཀི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་རྣམས་རྒྱ་ནག་ལ་སྐྱེལ་འདྲེན་མ་བྱས་པར་པ་ཀི་སི་ཐན་གྱི་ས་ཐོག་ཏུ་བཟོ་བཅོས་རྒྱག་ཐུབ་པའི་རེ་བ་ཡོད་ཅེས་བཤད། དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་ཨ་མི་རི་ཀས་པ་ཀི་སི་ཐན་ལ་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་བཀག་སྡོམ་དང་ཨ་མི་རི་ཀའི་F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་པ་ཀི་སི་ཐན་ལ་ཕྱིར་ཚོང་བྱ་རྒྱུ་བཀག་སྡོམ་བྱས་ནས་བཟུང་། པ་ཀི་སི་ཐན་གྱིས་རྒྱ་ནག་གི་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནང་འདྲེན་བྱ་རྒྱུ་འགོ་ཚུགས། ཉམས་ཞིབ་པ་ཚོས་པ་ཀི་སི་ཐན་གྱི་གནམ་དམག་ལ་རྒྱ་ནག་གི་JF-17རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༠༠་ལྷག་ཡོད་པར་མ་ཟད། ད་དུང་ཡང་གནམ་གྲུ་གསར་པ་མང་པོ་ཞིག་མངགས་ཉོ་བྱས་ཡོད་པ་དང་རྒྱ་ནག་གིས་པ་ཀི་སི་ཐན་ལ་དེང་རབས་ཅན་གྱི་དམག་གྲུ་གསར་པ་༤་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG