ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་བོད་དོན་ཚོགས་ཆེན་ལ་མཉམ་ཞུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ལཱ་ཊི་ཝྭི་ཡའི་རྒྱལ་ས་རི་གྷ་གྲོང་ཁྱེར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧་པ་ཚོགས། ད་ལོའི་ཚོགས་ཆེན་དེར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་མཉམ་ཞུགས་བྱས་ཏེ་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་པའི་གཞུང་འབྲེལ་སྲིད་ཇུས་ལ་དོགས་གཅོད་གཟབ་ནན་ཞིག་ཕོག་གི་ཡོད་ཅིང་། བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་རང་གི་གྲོས་ཚོགས་འཐུས་མི་གཉིས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་ཡོད་པ་ཤེས་རྟོགས་བྱུང་མ་སོང་། ཁོ་ཚོ་ཡུ་རོབ་ལ་གུང་སེང་དུ་ཕྱིན་པའི་སྐབས་སུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་ཡིན་སྲིད་ཅེས་དག་འབུད་བྱེད་ཀྱི་ཡོད་པ་སྟེ། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོའི་གྲོས་ཚོགས་འཐུས་མི་གཉིས་ལཱ་ཊི་ཝྭི་ཡའི་ཚོགས་ཆེན་དེར་ཕེབས་ཡོད་ན་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱུང་ཡོད་ཅེས་སྐྱོན་བརྗོད་ཀྱིས་བལ་ཡུལ་གཞུང་གིས་གྲོས་ཚོགས་འཐུས་མི་གཉིས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་བལ་ཡུལ་གཞུང་ལ་འབྲེལ་བ་མེད་པ་དང་། འདི་ནི་སྒེར་དོན་དང་གནད་འགག་མེད་པ་ཞིག་ལ་སྒྱུར་གང་ཐུབ་བྱེད་ཀྱི་ཡོད་པ་རེད།།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་དེ་དག་ནི་ས་མ་ཇཱི་བྷ་དྷི་ཚོགས་པའི་གྲོས་ཚོགས་འཐུས་མི་པྲ་དིབ་ཡ་དྷབ་དང་རཤྟྲི་ཡ་ཇཱན་ཏ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨིཀ་བྷལ་མཱི་ཡ་གཉིས་ཡིན་ཞིང་། བདུན་ཕྲག་སྔོན་མར་ལཱ་ཊི་ཝྭི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རི་གྷ་གྲོང་ཁྱེར་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༧་པ་བསྡུས། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་དང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་པདྨ་འབྱུང་གནས། སྤྱི་འཐུས་ཚོགས་གཞོན་ཨཅྱར་ཡེ་ཤེས་ཕུན་ཚོགས་དང་བོད་མི་དམངས་སྤྱི་འཐུས་རྣམ་པ། རྒྱ་གར་དང་བལ་ཡུལ། ཨོ་སི་ཊི་རི་ཡ་དང་ནེའུ་ཛི་ལན་ཌི། ཧྥ་རན་སི་དང་རོ་མ་ཎི་ཡ། ཁེ་ན་ཌ་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝྭེ་ཎི་ཡ་དང་ཆི་ལེ། ལཱ་ཊི་ཝྭི་ཡ་དང་དབྱིན་ཇི། སི་ཀོ་ཊི་ལན་ཌི་གྲོས་ཚོགས་འཐུས་མི་བཅས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་༢༥་དང་ཚོགས་ཞུགས་པ་བརྒྱ་སྐོར་ཞིག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེར་མཉམ་ཞུགས་བྱས་འདུག

བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་གྲོས་ཚོགས་འཐུས་མི་ཨིཀ་བྷལ་མཱི་ཡ་ལ་ཁ་པར་བཏང་སྟེ་ཁོ་པ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་ཡོད་མེད་སྐད་ཆ་དྲིས། ཐོག་མར་གྲོས་ཚོགས་འཐུས་མི་ཨིཀ་བྷལ་མཱི་ཡས་ང་སུད་ཛར་ལན་ཌིར་ཕྱིན་པ་ཡིན་ཞེས་འགྲེལ་བཤད་བརྒྱབ་ཀྱང་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ལམ་དུ་ཁྱེད་རང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་ཡོད་པའི་གསར་འགྱུར་སྤེལ་འདུག་ཅེས་ར་སྤྲོད་བྱས་པས་གྲོས་ཚོགས་འཐུས་མི་མཱི་ཡས་ང་ཚོ་གཅིག་པུ་མ་རེད། རྒྱ་གར་ཚུད་པའི་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཕེབས་འདུག ང་ཚོས་ཚོགས་ཆེན་ཡིན་པ་སོགས་ཤེས་རྟོགས་བྱུང་མ་སོང་། ང་ཚོས་གཏམ་བཤད་ཀྱང་བྱས་མེད་ཅེས་ཁས་བླངས། གྲོས་ཚོགས་འཐུས་མི་མཱི་ཡ་དང་ཡ་དྷབ་གཉིས་ཀས་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་ལ་ཆོག་མཆན་ཞུས་མེད་པ་རེད།།

བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་གི་ཟུང་འབྲེལ་དྲུང་ཆེས་ས་མ་ཇཱི་བྷ་དྷི་ཚོགས་པའི་འགོ་ཁྲིད་དང་རཤྟྲི་ཡ་ཇཱན་ཏ་ཚོགས་པའི་འགོ་ཁྲིད་གཉིས་ཀས་ལཱ་ཊི་ཝྭི་ཡར་སྒེར་གྱི་སྤྲོ་འཆམ་ལ་ཕྱིན་པ་ཡིན་ཞེས་བཤད་པ་ཙམ་ལས། ཁོ་ཚོ་ལཱ་ཊི་ཝྭི་ཡར་འགྲོ་དོན་ཅི་ཡིན་སོགས་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་ལ་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མ་སོང་ཞེས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད། གལ་སྲིད་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོ་རྒྱལ་ཁབ་གཞན་ལ་ཕེབས་དགོས་ཚེ། ཁོ་ཚོས་གྲོས་ཚོགས་འོག་མའི་ཚོགས་གཙོར་ཆོག་མཆན་ཞུ་དགོས་པ་དང་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་དེ་རྣམས་རྒྱལ་ཁབ་གང་ལ་ཕེབས་ཀྱི་ཡོད་མེད། ཁོ་ཚོ་རྒྱལ་ཁབ་དེར་ཕེབས་དོན་ཅི་ཡིན་སོགས་སྙན་སེང་ཞིབ་ཕྲ་དགོས་ཀྱི་ཡོད་མོད། འོན་ཀྱང་གྲོས་ཚོགས་འཐུས་མི་ཡ་དྷབ་དང་མཱི་ཡ་གཉིས་ཀས་གྲོས་ཚོགས་ཀྱི་ཚོགས་དྲུང་ལྷན་ཁང་ལ་ང་ཚོ་གྲོས་ཚོགས་འཐུས་མི་ཡིན། འཐུས་མི་ཡིན་པའི་ངོ་སྦྱོར་ཡི་གེ་རེ་སྤྲོད་རོགས་ཞེས་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ནི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཅིག་གི་རྩ་དོན་ཏེ། བོད་དང་ཐེ་ཝན་གཉིས་ཀ་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་པའི་གཞུང་འབྲེལ་སྲིད་ཇུས་ལ་འགལ་འཛོལ་བྱས་པ་ཐེངས་དང་པོ་མིན། ༢༠༡༠་ལོར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གསུམ་བཞུགས་སྒར་དྷམ་ས་ལར་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་ཡོད་པར་མ་ཟད། ལོ་གཞུག་མ་དེར་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཟུར་པ་ཤེར་བྷ་དྷུར་དྷུ་བྷེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཚོགས་པའི་ཚོགས་འདུ་ཞིག་ལ་ཕེབས་ཤིང་། སྐབས་དེར་ཁོང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་གཉིས་གདན་ཐོབ་གཅིག་གི་ཐོག་ཏུ་བསྡད་པས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པར་སྐྱོན་བརྗོད་དྲག་པོ་ཕོག བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཟུར་པས་གྲོས་ཚོགས་འཐུས་མི་གཉིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་ཡོད་པ་ནི་ཕྱི་འབྲེལ་གྱི་ཆ་ནས་བལ་ཡུལ་ངོ་ཚ་དགོས་པ་ཞིག་རེད། ང་ཚོས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་ཀྱི་ཡོད་ཟེར་ཀྱང་གྲོས་ཚོགས་འཐུས་མི་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་ན་བལ་ཡུལ་ལ་ཕྱི་འབྲེལ་སྲིད་ཇུས་བརྟན་པོ་ཞིག་མེད་པའི་རྟགས་མཚན་མཚོན། རྒྱལ་སྤྱིའི་ཐོག་ཏུ་བལ་ཡུལ་གྱི་མཚན་སྙན་ལ་གནོད་སྲིད་ཅེས་གསར་འགོད་པ་ཚོར་བཤད་འདུག

XS
SM
MD
LG