ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་གནད་དོན་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་རོད་ཊོ་ཞོད་བྷུར་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་གྲངས་མི་ས་ཡ་གཅིག་ནས་གསུམ་ལྷག་ངལ་རྩོལ་སྒྱུར་བཀོད་ཁང་གི་ནང་དུ་བཅུག་འདུག་ཅེས་བརྗོད། འདི་ནི་ད་སྔ་ཨ་རིའི་མཐོ་རིམ་འགོ་ཁྲིད་ཅིག་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་ཤུགས་ཆེ་ཤོས་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གིས་ཐེངས་དང་པོར་རྒྱ་ནག་གིས་བརྗོད་བཞིན་པའི་ལས་རྩལ་གསབ་སྦྱོང་ཁང་རྣམས་ངལ་རྩོལ་སྒྱུར་བཀོད་ཁང་རེད་ཅེས་མིང་འདོགས་བྱས་ཡོད་པ་རེད།

ཁ་སང་སྤྱི་ཚེས་དྲུག་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིན་ཧྲོང་གིས་ངོ་རྒོལ་ལན་འདེབས་བྱས་ཡོད་པ་ལྟར་ན་རྒྱ་ནག་གཞུང་གིས་ཞིན་ཅང་དུ་བཙུགས་ཡོད་པའི་ལག་རྩལ་གསབ་སྦྱོང་ཁང་ཁག་ནི་རྒྱ་ནག་གིས་འཇིགས་སྐུལ་བ་རྣམས་སྔོན་འགོག་གི་དགོས་མཁོར་དམིགས་ནས་བཙུགས་པ་ཞིག་ཡིན། ཨ་རིའི་འབྲེལ་ཡོད་མི་སྣའི་འོས་མིན་གྱི་གླེང་སློང་བྱས་པ་དེ་དག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་འདུག་པས་ཧ་ཅང་མི་འོས་པ་ཞིག་དང་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་ཡོངས་གྲགས་སུ་རྒྱ་གཞུང་གིས་བརྗོད་བཞིན་པའི་ཞིན་ཅང་གི་གསབ་སྦྱོང་ཁང་རྣམས་ངལ་རྩོལ་སྒྱུར་བཀོད་ཁང་དང་བཀག་ཉར་ཁང་དུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་དེ་ནི་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པ་སྔོན་འགོག་གི་ཆེད་དུ་བཙུགས་པའི་གསབ་སྦྱོང་ཁང་ངམ། ཡང་ན་ལག་ཤེས་སློབ་གྲྭ་ཡིན་ཞེས་བཀྲལ། ཉེ་ཆར་སྤྱི་ཟླ་བཞི་བའི་ཚེས་སུམ་བཅུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཚོང་དོན་གྲོས་ཚོགས་ཤིག་གི་སྟེང་དུ་གཏམ་བཤད་གནང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་བཀག་ཉར་བྱས་ཡོད་པའི་ཚད་དེ་དུས་རབས་གོང་མའི་ལོི་རབས་སུམ་བཅུ་པའི་ནང་གི་འཇར་མན་ན་ཛི་གཞུང་གི་ལག་བསྟར་བྱས་པའི་སྲིད་ཇུས་ལས་ཀྱང་གདུག་རྩུབ་ཆེན་པོ་རེད། ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་དུ་ཚོང་ལས་གཉེར་སྐབས་ཧ་ཅང་གཟབ་ནན་བྱ་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་རེད།

གཞན་ཡང་ལྟ་སྲུང་བ་ཞེས་པའི་དབྱིན་ཡུལ་གྱི་གསར་ཤོག་ཏུ་ཞིབ་འཇུག་བྱས་ཡོད་པ་ལྟར་ན། ཞིན་ཅང་དུ་ཨམ་ཨད་སིན་ཞི་རོ་ཞེས་པའི་ཁ་ཆེའི་ཆོས་ཁང་ཞིག་ལ་རྒྱ་ནག་གཞུང་གིས་གཏོར་སྐྱོན་བཏང་ཡོད་པའི་བདེན་དཔང་གསར་དུ་རྙེད་ཡོད་ཅེས་གནས་ཚུལ་སྤེལ། འདི་ནི་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཚུན་ཆད་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཉི་ཤུ་རྩ་གྲངས་རྩ་མེད་བཏང་བའི་གྲས་ཀྱི་གཅིག་ཆགས་ཀྱི་ཡོད་པ་རེད། དེ་མིན་དབྱིན་ཡུལ་གྱི་རང་དབང་ཅན་གྱི་ཞིབ་འཇུག་དྲ་ཚིགས་བྷི་ལིན་ཁད་ཊི་ཞེས་པས་འཁོར་སྐར་གྱིས་གནས་ཚུལ་རྒྱུས་ལོན་བྱས་ཏེ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ཞིན་ཅང་གི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཁ་ཆེའི་ཆོས་ཁང་གཉིས་ལ་གཏོར་སྐྱོན་བཏང་ཡོད་པ་ར་སྤྲོད་བྱས་འདུག ཆེད་ལས་མཁས་པ་ཚོས་ཞིན་ཅང་གི་རིག་གནས་དང་ཆོས་ལུགས་ཀྱི་མཚོན་དོན་དུ་གྱུར་པའི་ཁ་ཆེའི་ཆོས་ཁང་ལ་གཏོར་སྐྱོན་གཏོང་བཞིན་པ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་རིག་གནས་རྩ་མེད་གཏོང་ཐབས་གཙོ་བོ་ཞིོག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དུས་ཡུན་རིང་པོ་ཞིག་ལ་ཞིན་ཅང་ངམ། ཤར་ཏི་ཀི་སི་ཐན་གྱི་གནས་སྟངས་ལ་ཉམས་ཞིབ་གནང་མཁན་དབྱིན་ཇིའི་ལོན་ཊོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ རོས་ཆོ་ཧ་རོས་སི་ཡིས་གྲང་ངར་ཅེས་པའི་དུས་དེབ་དུ་བཏོན་པའི་གནས་ཚུལ་ཞིག་ལུང་འདྲེན་བྱས་པ་པ་ལྟར་ན་ཞིན་ཅང་ས་གནས་གཞུང་གིས་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོར་ཞིན་ཅང་དུ་ཁ་ཆེའི་ཆོས་ཁང་ཉིས་བརྒྱ་རྩ་མེད་དུ་བཏང་ཡོད་པ་ལུང་འདྲེན་བྱས་འདུག

XS
SM
MD
LG