ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་སུ་ཐེ་ཨ་ཛར་འཇིགས་སྐུལ་བའི་ཐོ་གཞུང་དུ་བཀོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་གཞུང་གིས་ཡུན་རིང་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་གནོན་སྡོམ་བྱེད་དུ་འཇུག་དགོས་ཞེས་སྐུལ་ལྕག་ལན་མང་བཏང་རུང་འདས་པའི་ལོ་མང་རིང་རྒྱ་ནག་གིས་པ་ཀི་སི་ཐན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་དགོས་པའི་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་དགག་པ་བརྒྱབ། དེར་བརྟེན་ད་ལྟ་བར་དུ་མ་སུ་ཐེ་ཨ་ཛར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་འགོད་ཐུབ་མེད་པ་རེད།།

གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེར་བཀག་འགོག་བྱ་རྒྱུ་ཕྱིར་འཐེན་བྱས་ནས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་པའི་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་བཀོད་ནས་རྒྱ་གར་ལ་ཕྱི་འབྲེལ་ཐབས་ཇུས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཐོབ། པ་ཀི་སི་ཐན་གཞུང་གིས་ཀྱང་རང་གི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ཚོགས་པའི་ཚོགས་པ་དེའི་འགོ་ཁྲིད་ལ་གནོན་སྡོམ་བྱ་རྒྱུ་ཁས་བླངས། དཔེར་ན་ཕྱི་ཟླ་༥་ཚེས་༣་ཉིན་པ་ཀི་སི་ཐན་གཞུང་གིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་འགྲིམ་འགྲུལ་བྱེད་མི་ཆོག ཁོ་ཚོས་མཚོན་ཆ་དང་མདེའུ་སོགས་ཉོ་ཚོང་བྱེད་མི་ཆོག མ་སུ་ཐེ་ཨ་ཛར་གྱི་རྒྱུ་དངོས་རྣམས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་མིན། པ་ཀི་སི་ཐན་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལག་ལེན་ཚུལ་བཞིན་བསྟར་རྒྱུ་ཡིན། ང་ཚོས་རང་གི་འབྲེལ་ཡོད་ཚན་པ་ཁག་ལ་མ་སུ་ཐེ་ཨ་ཛར་ལ་གནོན་སྡོམ་བྱ་དགོས་པའི་ཐག་གཅོད་ཁག་འཕྲལ་དུ་ལག་ལེན་བསྟར་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅེས་བཤད་འདུག

ད་ལོའི་ཕྱི་ཟླ་༢་པའི་ནང་དུ་རྒྱ་གར་གྱི་ཀ་ཤི་མིར་ས་གནས་སུ་རང་སྲོག་བློས་གཏོང་བ་ཞིག་གིས་རླངས་འཁོར་ནང་དུ་འབར་མདེལ་བརྩིགས་ནས་གཏོར་རྒོལ་བྱས་ཏེ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༠་ལྷག་ལ་སྲོག་སྐྱོན་དང་མི་༢༠་ལྷག་ལ་རྨས་སྐྱོན་བཏང་། ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་པས་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་ཚོགས་པ་དེའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་། ཕྱི་ཉིན་དེར་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་གར་ལ་རྒོལ་ལན་སློག་ནས་རྒྱ་གར་གྱི་འཐབ་འཛིང་གནམ་གྲུ་ཞིག་ས་ལ་གཡུགས། དེ་ནས་ལྷོ་ཨེ་ཤི་ཡར་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཀ་བྱུང་། ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་བཀོད་ཀྱང་རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་པ་ཀི་སི་ཐན་ལ་སྲུང་སྐྱོབ་བྱས་ནས་མ་སུ་ཐེ་ཨ་ཛར་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་ཐུབ་མེད་ཅིང་། པ་ཀི་སི་ཐན་གཞུང་གིས་མ་སུ་ཐེ་ཨ་ཛར་ལ་རང་དབང་གི་ཁོར་ཡུག་ཅིག་སྤྲད་ནས་བཟུང་སྟེ་པ་ཀི་སི་ཐན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་བ་དང་། རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བའང་སྡུག་ཏུ་སོང་སྟེ་རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ་བཀོལ་སྤྱོད་བྱས་ནས་ལྷོ་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།

རྒྱ་གར་གྱི་བདེ་འཇགས་ཉམས་ཞིབ་པ་ཨ་ཇཱེ་ཤུག་ལ་ཞེས་པ་ཞིག་གིས་པ་ཀི་སི་ཐན་གྱིས་མ་སུ་ཐེ་ཨ་ཛར་ལ་གནོན་སྡོམ་བྱས་ཀྱང་མ་བྱས་ཀྱང་རྒྱ་གར་ལ་རྒྱལ་ཁ་ཞིག་ཡིན། གལ་སྲིད་པ་ཀི་སི་ཐན་གཞུང་གིས་ཇཱེ་ཤི་མོ་ཧ་མེ་ཐེ་ཚོགས་པར་གནོན་སྡོམ་བྱས་ན་འཇིགས་སྐུལ་ཚོགས་པ་དེས་རྒྱ་གར་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་འགོག་ཐུབ། གལ་སྲིད་པ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་ཚོགས་པར་གནོན་སྡོམ་མ་བྱས་ན་རྒྱལ་སྤྱིའི་ཐོག་ཏུ་པ་ཀི་སི་ཐན་འཇིགས་སྐུལ་ཚོགས་པ་དེར་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་མཁན་ཡིན་པ་ཐེར་འདོན་བྱེད་ཐུབ། ད་ལྟ་མ་སུ་ཐེ་ཨ་ཛར་ལ་གནོན་སྡོམ་བྱ་རྒྱུ་ཡིན་མིན་ནི་པ་ཀི་སི་ཐན་ལ་རག་ལས་པ་རེད་ཅེས་བཤད་འདུག ལྡི་ལི་གསར་པའི་ཉམས་ཞིབ་པ་ཨན་གྷ་ན་གྷུ་ཧ་རོ་ཡེ་ཞེས་པ་ཞིག་གིས་ཀྱང་ཨལ་ཇཱེ་ཛི་ར་གསར་འགྱུར་ལས་འགྱུར་ལས་ཁང་ལ་མ་སུ་ཐེ་ཨ་ཛར་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་འགོད་ཐུབ་པ་ནི་རྒྱ་གར་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན། རྒྱལ་ཚོགས་ཀྱི་གྲོས་ཆོད་འདི་ཨ་མི་རི་ཀས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པར་རྒྱ་གར་གྱི་ལངས་ཕྱོགས་དེར་འགྱུར་བ་མེད་པའི་རྒྱབ་སྐྱོར་བྱས་པ་མཚོན་ཐུབ་ཅེས་བཤད། པ་ཀི་སི་ཐན་གྱི་ཉམས་ཞིབ་པ་ཛ་ཧི་ཐེ་ཧུ་སེན་ཞེས་པ་ཞིག་གིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་གིས་པ་ཀི་སི་ཐན་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པའི་རྟགས་མཚན་འདུག ད་ནས་པ་ཀི་སི་ཐན་གཞུང་གིས་ཀྱང་དྲག་སྤྱོད་པ་ཚོས་ས་མཚམས་བརྒལ་ནས་ཟིང་འཁྲུག་སློང་གི་ཡོད་པར་བཀག་འགོག་བྱ་དགོས་ཐུག་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་ཐོ་གཞུང་ནག་པོར་བཀོད་ཡོད་པས་པ་ཀི་སི་ཐན་གཞུང་གིས་དྲག་སྤྱོད་པའི་ཚོགས་པ་དེར་གྲུབ་འབྲས་ལྡན་པའི་གནོན་སྡོམ་བྱེད་ཀྱི་ཡོད་པ་སྟོན་དགོས་ཐུག་གི་རེད་ཅེས་བཤད་འདུག

ད་ལོ་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུའང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་འོས་འདེམས་ཀྱི་རྩ་དོན་ཆེན་པོ་ཞིག་ལ་བསྒྱུར་ཏེ་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པ། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཡོད་དོ་ཅོག་གིས་པ་ཀི་སི་ཐན་ལ་ཚོང་ལས་བཀག་སྡོམ་དང་རྒྱལ་སྤྱིའི་ཐོག་ཏུ་པ་ཀི་སི་ཐན་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་། གཟའ་ལྷག་པའི་ཉིན་སྲིད་བློན་མོ་དྷིས་འོས་འདེམས་དྲིལ་བསྒྲགས་ལས་འགུལ་ཞིག་གི་སྐབས་སུ་འཛམ་གླིང་མི་དམངས་ཀྱིས་རྒྱ་གར་མི་དམངས་དུང་ཕྱུར་༡༣་གྱི་སྐད་འབོད་ལ་སྣང་ཆུང་གཏོང་ཐུབ་ཐབས་མེད། མ་སུ་ཐེ་ཨ་ཛར་རྒྱལ་ཚོགས་ཀྱི་ཐོ་གཞུང་ནག་པོར་བཀོད་ཐུབ་པ་རྒྱ་གར་ལ་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞེས་བཤད་འདུག ཡིན་ནའང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གྱིས་ཀ་ཤི་མིར་ལ་དབང་སྒྱུར་བྱེད་ཡོད་པ་ནི་རྒྱལ་ཁབ་གཅིག་གིས་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་གཅིག་མཚུངས་ཡིན། རྒྱ་གར་གྱི་དམག་གིས་སྔར་བཞིན་ཀ་ཤི་མིར་གྱི་མི་མང་རྣམས་དམར་གསོད་བྱེད་ཀྱི་ཡོད་པ་དང་པ་ཀི་སི་ཐན་གྱིས་མུ་མཐུད་དུ་ཀ་ཤི་མིར་མི་དམངས་ལ་ཕྱི་འབྲེལ་དང་ཆབ་སྲིད། བཟང་སྤྱོད་བཅས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཀི་ཤི་མིར་གྱི་མི་དམངས་དམངས་གཙོ་ཚོགས་པའི་འགོ་ཁྲིད་ན་ཡིམ་ཨཀ་ཏར་ཞེས་པ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐག་གཅོད་ཇི་ལྟར་བྱས་ཀྱང་ཁྱད་པར་མེད། ང་ཚོའི་ས་མཚམས་ཁག་ལ་ཞི་བདེ་མ་བྱུང་བ་དང་ང་ཚོའི་བུ་ཕྲུག་ལ་འཆི་སྐྱོན་ཕོག་གི་ཡོད་པ་མཚམས་མ་ཆོད་ན་ཕན་ཐོགས་མེད་ཅེས་བཤད། དེང་སྐབས་རྒྱ་གར་གཞུང་གིས་ཀ་ཤི་མིར་ས་གནས་དེར་བདེ་འཇགས་སྲུང་སྐྱོབ་པ་ས་ཡ་ཕྱེད་ཀ་ཙམ་བཀྲམ་ནས་གྱེན་ལོག་པའི་ཚོགས་པ་ཁག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG