ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་སྲོག་བློས་གཏོང་བ་༧་གྱིས་སིངྒ་ལར་གཏོར་རྒོལ།


༄༅།། ཕྱི་ཟླ་༤་ཚེས་༢༡་ཉིན་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཁག་ཅིག་དང་མགྲོན་ཁང་ཁག་ལ་གཏོར་རྒོལ་བྱས་ནས་མི་༢༩༠་ལྷག་བསད་པ་དང་མི་༥༠༠་ལྷག་རྨས། ཕྱི་ཚེས་༢༢་ཉིན་སིངྒ་ལའི་གཞུང་འབྲེལ་མི་སྣ་ཚོས་གཏོར་རྒོལ་དེར་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་སིངྒ་ལའི་ཡེ་ཤུའི་ལྷ་ཁང་དང་མགྲོན་ཁང་དེ་ཚོར་མི་༧་གྱིས་རང་སྲོག་བློས་བཏང་ནས་འབར་མདེལ་གྱིས་གཏོར་རྒོལ་བྱས་འདུག རང་སྲོག་བློས་གཏོང་གི་གཏོར་རྒོལ་པ་རྣམས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་ཡོད་པ་དང་ཆོས་ལུགས་འཐེན་འཁྱེར་གྱི་གཏོར་རྒོལ་ཞིག་ཡིན་པ་གསལ་བོ་རེད་ཅེས་བཤད་ཀྱང་གཏོར་རྒོལ་བྱེད་མཁན་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འབྲེལ་བ་ཡོད་མེད་གསལ་བོར་བཤད་མེད་ཅིང་། ཉམས་ཞིབ་པ་ཚོས་ཉེ་ཆར་སི་རི་ཡའི་ས་ཐོག་ཏུ་མཐར་སྐྲོད་བཏང་བའི་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་ཉིན་སིངྒ་ལའི་ཡེ་ཤུའི་ལྷ་ཁང་དང་ནུབ་ཕྱོགས་པ་རྣམས་གནས་སྡོད་བྱ་ཡུལ་མགྲོན་ཁང་ཁག་ལ་གཏོར་རྒོལ་བྱས་ཏེ། ཟླ་སྔོན་མར་ནེའུ་ཛི་ལན་ཌིའི་ས་ཐོག་ཏུ་མི་རིགས་དཀར་པོ་མཆོག་འཛིན་པ་ཞིག་གིས་ཁ་ཆེའི་ལྷ་ཁང་གཉིས་ལ་གཏོར་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་བྱུང་བ་དེར་རྒོལ་ལན་སློག་པ་ཞིག་ཡིན་སྲིད་ཅེས་དོགས་པ་བྱེད་ཀྱི་ཡོད་པ་རེད།།

གཟའ་ཟླ་བའི་ཉིན་སིངྒ་ལའི་གཞུང་གི་མགྲིན་ཚབ་པ་ཝེ་ལེང་གྷ་ཞེས་པ་ཞིག་གིས་མཚོ་འགྲམ་གྱི་ཤང་རི་ལ་མགྲོན་ཁང་ཆེན་མོར་རང་སྲོག་བློས་གཏོང་བ་གཉིས་ཀྱིས་གཏོར་རྒོལ་བྱས་འདུག མི་གཞན་པ་ཚོས་ཡེ་ཤུའི་ལྷ་ཁང་གསུམ་དང་མགྲོན་ཁང་གཞན་པ་གཉིས་ལ་རང་སྲོག་བློས་གཏོང་གིས་གཏོར་རྒོལ་བྱས་ཏེ་ཤི་འདུག རྒྱལ་ས་ཀོ་ལོམ་བྷོའི་མཐའ་མཚམས་སུ་ཆགས་པའི་མགྲོན་ཁང་ཞིག་དང་ཁྱིམ་ཚང་གི་ཁང་པ་ཞིག་ཀྱང་དམིགས་འབེན་དུ་བཟུང་ཡོད་ཀྱང་གཏོར་རྒོལ་ཇི་ལྟར་བྱས་མིན་རྩད་གཅོད་གསལ་བོ་ཞིག་བྱེད་ཐུབ་ཀྱི་མེད་པས་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བཤད། ད་སྔ་སིངྒ་ལའི་གཏོར་རྒོལ་དེའི་ལན་ཁག་སུ་གཅིག་གིས་ཀྱང་ངོས་ལེན་བྱས་མེད་པ་དང་ཀིང་སི་བྷ་རི་མགྲོན་ཁང་གི་ལས་བྱེད་པ་ཞིག་གིས་སྨན་ཁང་དུ་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པར་མགྲོན་ཁང་གི་འགྲུལ་པ་རྣམས་ཞོགས་ཇ་འཐུང་དུ་ཡོང་དུས་གཏོར་རྒོལ་བྱུང་སྟེ་མི་རྣམས་ཐང་དེར་ཁྲག་གི་ནང་དུ་གང་ས་གང་དུ་རིལ་འདུག ང་ཚོས་འཆི་གསོན་གཉིས་ཀར་བདག་པོ་བརྒྱབ་ནས་མགྲོན་ཁང་སྟོང་པར་འདོན་ཐབས་བྱས་པ་ཡིན་ཞེས་བཤད་འདུག

སིངྒ་ལའི་གཞུང་གི་མགྲིན་ཚབ་པ་སེ་ན་རཏ་ནེས་རྒྱལ་སྤྱིའི་སྟེང་འབྲེལ་བ་ཡོད་པ་ཞིག་གིས་གཏོར་རྒོལ་བྱས་འདུག ང་ཚོའི་རྒྱལ་ཁབ་འདིའི་ཚོགས་པ་ཞིག་གིས་གཏོར་རྒོལ་བྱས་པ་རེད་བསམ་གྱི་མེད། རྒྱལ་སྤྱིར་འབྲེལ་བ་ཡོད་པ་ཞིག་མིན་ན་གཏོར་རྒོལ་འདི་འདྲ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་ཀྱང་སིངྒ་ལའི་གཞུང་གིས་ཞིབ་འཇུག་བྱས་ནས་ཅི་ཞིག་ཤེས་རྟོགས་བྱུང་ཡོད་མེད་དང་དོགས་པ་གཙོ་བོ་སུ་ལ་བྱེད་ཀྱི་ཡོད་མེད་རྣམས་ཞིབ་ཕྲ་བཤད་མེད་ཅིང་། སིངྒ་ལའི་སྲིད་འཛིན་གྱིས་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱས་ནས་གཏོར་རྒོལ་པ་དེ་རྣམས་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོག་གི་ངན་འབྲེལ་བ་རྣམས་རྩད་གཅོད་བྱེད་ཐུབ་པའི་རོགས་རམ་ཞུ་རྒྱུ་ཡིན་ཞེས་བཤད་པར་མ་ཟད། གཟའ་ཉི་མའི་ཉིན་སིངྒ་ལའི་སྲིད་བློན་གྱིས་ང་ཚོར་ས་གནས་ཀྱི་ཁ་ཆེ་དྲག་སྤྱོད་པ་ཁག་ཅིག་གིས་ཡེ་ཤུའི་ལྷ་ཁང་ཁག་ལ་གཏོར་རྒོལ་བྱ་སྲིད་པའི་དོགས་པ་ཅུང་ཟད་ཡོད་ཅེས་བཤད། སིངྒ་ལའི་གསང་བའི་ལས་ཁང་གིས་ཕྱི་ཟླ་༤་ཚེས་༡༡་ཉིན་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་གཏོར་རྒོལ་འབྱུང་སྲིད་ཅེས་ཉེན་བརྡ་བཏང་བའི་ཡིག་ཆ་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པས་མཐོང་འདུག

ཕྱི་ཟླ་༤་ཚེས་༢༡་ཉིན་གྱི་ཞོགས་པའི་ཆུ་ཚོད་༨་དང་སྐར་མ་༤༥་ཡས་མས་སུ་འབར་མདེལ་༤་ཧ་ལམ་དུས་མཉམ་དུ་བཀད་པ་དང་དེ་ནས་སྐར་མ་༢༠་ཙམ་གྱི་རྗེས་སུ་སླར་ཡང་འབར་མདེལ་གཉིས་བཀད། ཕྱི་དྲོ་དེར་བས་མཐའི་མགྲོན་ཁང་ཞིག་དང་ཁང་པ་ཞིག་གི་ནང་དུའང་འབར་མདེལ་བཀད་འདུག ད་ཐེངས་ཀྱི་གཏོར་རྒོལ་སྐབས་སུ་འཆི་རྨས་བྱུང་བ་མང་ཆེ་བ་ནི་སིངྒ་ལའི་སྤྱི་དམངས་ཡིན་རུང་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་ཕྱི་རྒྱལ་བ་༣༢་ཡོད་པ་རྣམས་ནི་དབྱིན་ཇི་དང་ཨ་རི། ཏུར་ཀི་དང་རྒྱ་གར། རྒྱ་ནག་དང་ཌན་མག ཕོ་ཆུ་གྷལ་བཅས་ཀྱི་སྤྱི་དམངས་ཡིན་ཞིང་། ཌན་མག་གི་འབྱོར་ལྡན་པ་བླ་ན་མེད་པ་ཕོལ་སེན་ཁྱོ་ཤུག་ཟུང་ལ་བུ་ཕྲུག་༤་ཡོད་པའི་ཁོངས་ནས་བུ་ཕྲུག་༣་སིངྒ་ལའི་གཏོར་རྒོལ་སྐབས་སུ་འཆི་སྐྱོན་བྱུང་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཇིགས་སྐུལ་རིང་ལུགས་པ་ཚོས་མུ་མཐུད་དུ་སིངྒ་ལའི་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་ཁག་དང་འགྲིམ་འགྲུལ་གྱི་ས་ཚིགས་ཁག ཚོང་ཁང་ཆེན་པོ་དང་མགྲོན་ཁང་། ལྷ་ཁང་དང་གནམ་ཐང་། སྤྱི་དམངས་འདུ་འཛོམས་བྱ་ཡུལ་ཁག་ལ་གཏོར་རྒོལ་བྱ་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པས་ཨ་མི་རི་ཀ་བ་ཚོས་དོགས་ཟོན་བྱ་དགོས་ཞེས་བརྡ་ཁྱབ་བཀྲམ། སིངྒ་ལའི་གཞུང་གིས་དགོང་མོའི་ཆུ་ཚོད་༨་ནས་ཐོ་རེངས་ཆུ་ཚོད་༤་པ་བར་དུ་འགྲིམ་འགྲུལ་བཀག སྲིད་འཛིན་གྱིས་མཚན་དཀྱིལ་ནས་སིངྒ་ལའི་དམག་དང་ཉེན་རྟོག་པ་ཚོར་དོགས་ཅན་མི་སྣ་ཁག་བཀག་ཉར་བྱས་ནས་འདྲི་གཅོད་བྱེད་ཆོག་པའི་དབང་ཚད་སྤྲད་ཡོད་ཅེས་བསྒྲགས།།

གཟའ་ཉི་མའི་ཉིན་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོའི་ནུབ་བྱང་མཚམས་སུ་ཁ་ཆེའི་ལྷ་ཁང་ཞིག་ལ་ས་སྣུམ་གྱི་འབར་མདེལ་བརྒྱབ་ནས་གཏོར་རྒོལ་བྱུང་ཡོད་པས་ཡེ་ཤུ་དང་ཁ་ཆེ་ཚོ་འཐབ་འཁྲུག་ལང་སྲིད་པའི་ཉེན་ཀ་བྱུང་ཡོད། འདས་པའི་ལོ་མང་རིང་སིངྒ་ལའི་ནང་པ་དང་ཏ་མིལ་གྱེན་ལོག་པ་ཚོས་མི་རིགས་འཐེན་འཁྱེར་གྱི་འཐབ་འཁྲུག་དྲག་པོ་བརྒྱབ་ནས་ལོ་བཅུའི་གོང་དུ་སིངྒ་ལའི་ནང་འཁྲུག་མཚམས་ཆད། སིངྒ་ལར་མི་འབོར་ས་ཡ་༢༢་ཡོད་པ་དེའི་ཁོངས་སུ་ནང་པ་གྲངས་མང་དང་ཡེ་ཤུ། ཁ་ཆེ་དང་ཧིན་རྡུ་ཆོས་དད་པ་གྲངས་ཉུང་མི་རིགས་བཅས་འདུ། གཟའ་ཟླ་བའི་ཉིན་སིངྒ་ལའི་གཞུང་གིས་མི་སྣ་དོགས་ཅན་༢༤་འཛིན་བཟུང་ཡོད་པ་ཐམས་ཅད་སིངྒ་ལའི་སྤྱི་དམངས་ཡིན་པ་དང་། སྲིད་འཛིན་སི་རི་སེ་ན་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་དམག་གིས་གནམ་ཐང་ལ་བརྟག་དཔྱད་བྱས་ཏེ་གནམ་ཐང་གི་སྒོ་འགྲམ་ཞིག་ཏུ་འབར་མདེལ་ཞིག་སྦས་འཇོག་བྱས་ཡོད་པ་རྙེད། སིངྒ་ལའི་གཞུང་གིས་ངོ་དེབ་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་སྒོ་བརྒྱབ་ནས་ནང་གི་གསར་འགྱུར་ཕྱི་ལ་མི་གཏོང་བ་དང་ཕྱིའི་གསར་འགྱུར་ནང་དུ་གཏོང་བའི་བཀག་འགོག་བྱས་ཡོད་པ་རེད།།

XS
SM
MD
LG