ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཁའི་ས་འོག་དམག་གི་མཐུན་རྐྱེན་ཁང་།


༄༅།། རྒྱ་ནག་གིས་བོད་ཀྱི་ལྷོ་ཁ་ས་ཁུལ་གྱི་མཐའ་མཚམས་ཤིག་ཏུ་ས་འོག་དམག་གི་གོ་མཛོད་སོགས་འཛུགས་སྐྲུན་བྱས་ནས་བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་བོད་དམག་ཁུལ་ཁང་རྒྱ་བསྐྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུའང་དམག་དོན་དང་ཞི་བའི་ལས་དོན་གཉིས་ཀར་བཀོལ་སྤྱོད་ཆོག་པའི་རྒྱ་ལམ་སོགས་འཛུགས་སྐྲུན་བྱས་ནས་དམག་དོན་མཐུན་རྐྱེན་རྣམས་ཡར་རྒྱས་གཏོང་གི་ཡོད་ཅིང་། ད་དུང་པེ་ཅིང་ནས་ལྷ་ས་བར་དུ་མྱུར་སྐྱོད་གཞུང་ལམ་ཞིག་འཛུགས་དང་ཐད་འཕུར་གནམ་གྲུའི་གནམ་ཐང་ཞིག་ཀྱང་འཛུགས་བྱེད་ཀྱི་ཡོད་སྲིད་པའི་རྟགས་མཚན་འདུག་ཅེས་རྒྱ་གར་གཞུང་གིས་སྙན་ཐོ་ཞིག་བཏོན།།

འཁོར་སྐར་གྱིས་བརྙན་པར་བླངས་པར་ཞིབ་འཇུག་བྱས་པ་ལྟར་ན་རྒྱ་ནག་གིས་ལྷོ་ཁ་ས་ཁུལ་གྱི་ས་འོག་ཏུ་དམག་གི་གོ་མཛོད་ཅིག་འཛུགས་སྐྲུན་བྱས་ཡོད་པ་ཡར་རྒྱས་གཏོང་གི་ཡོད་པ་གསལ་བོ་ཡིན་པ་སྟེ། སྔོན་ཆད་ས་གནས་དེར་དམག་གི་ཁང་པ་འགའ་ཞིག་ལས་མེད་ཀྱང་དེང་སྐབས་ས་གནས་དེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་པའི་གྲོང་རྡལ་ཞིག་ཏུ་གྱུར། དུས་རབས་སྔོན་མའི་ལོ་རབས་༩༠་བར་དུ་ལྷོ་ཁ་ནི་འཛུགས་སྐྲུན་ཅི་ཡང་མེད་པའི་ས་ཁུལ་ཞིག་ཡིན་རུང་༡༩༩༨་ནས་རྒྱ་ནག་གི་དམག་སྡེ་ཞིག་ས་གནས་དེར་སྤོར་ནས་རིམ་བཞིན་རྒྱ་བསྐྱེད། དེ་ནས་བཟུང་སྟེ་ལོ་ལྟར་རྒྱ་ནག་གིས་དམག་དོན་ལ་མཁོ་བའི་མཐུན་རྐྱེན་ཁག་འཛུགས་བྱས་ནས་བོད་དམག་ཁུལ་ཁང་གི་མེ་སྒྱོགས་དཔུང་སྡེའི་དབུས་སྤྱི་ཁྱབ་ཁང་ལྷོ་ཁ་ས་ཁུལ་དུ་ཚུགས། ལྷོ་ཁའི་གཞུང་ལམ་གཡས་གཡོན་གཉིས་སུ་རྒྱ་ནག་གི་མེ་སྒྱོགས་དཔུང་སྡེར་རི་ཁོག་ཏུ་དམག་གི་གོ་མཛོད་རེ་ཡོད་པ་དང་གཞུང་ལམ་དེ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཕྱོགས་སུ་འཛུགས་སྐྲུན་བྱས་འདུག

ལྷོ་ཁའི་གཞུང་ལམ་དེའི་ནུབ་ཕྱོགས་རི་ཁོག་ཏུ་འཛུགས་སྐྲུན་བྱས་ཡོད་པའི་དམག་དོན་མཐུན་རྐྱེན་ཁང་དེར་མདེའུ་གསོག་འཇོག་བྱས་ཡོད་པ་དང་གཞུང་ལམ་དེའི་ཤར་ཕྱོགས་རི་ཁག་ཏུ་འཛུགས་སྐྲུན་བྱས་ཡོད་པའི་དམག་དོན་མཐུན་རྐྱེན་ཁང་དེ་དམག་རྒྱག་གྲ་སྒྲིག་ཁང་ཡིན་པའི་རྟགས་མཚན་འདུག ས་འོག་དམག་དོན་མཐུན་རྐྱེན་ཁང་དང་པོ་ནི་༢༠༠༤་ལོར་འཛུགས་བྱས་པ་དང་སྲུང་སྐྱོབ་དམ་པོ། དེ་ལ་ལྕགས་དྲྭ་དང་རྩིག་གྱང་བཅས་ལྕགས་རི་ཕྱི་རིམ་ནང་རིམ་གཉིས་བསྐོར། དམག་སྒར་དེའི་བདེ་འཇགས་སྲུང་དམག་དང་ལྷོ་ཁའི་དམག་གི་སྡོད་གནས་ཁང་པ་རྣམས་འཛུགས་སྐྲུན་བྱས་འདུག ལྷོ་ཁའི་རི་ཁོག་གི་དམག་དོན་མཐུན་རྐྱེན་ཁང་གཉིས་ནི་མདེའུ་དང་མེ་ཤུགས་འཕུར་མདེལ་རྣམས་འཇོག་ས་ཡིན་པར་སྣང་། ཉེ་ཆར་འཁོར་སྐར་གྱིས་བརྙན་པར་བླངས་པར་བལྟས་ན་རི་ཁོག་གི་དམག་དོན་མཐུན་རྐྱེན་ཁང་དེ་དག་ལ་གཏོར་རྒོལ་འཕོག་སྲིད་པ་འགོག་ཐབས་སུ་སྒོ་སྟེང་དུ་སྲུང་སྐྱོབ་ཀྱི་ཐོག་འཁེབ་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། ༢༠༡༧་བར་དུ་རི་ཁོག་གི་གོ་མཛོད་དེ་ཚོར་མིའི་འགུལ་སྐྱོད་ཆེན་པོ་མེད་མོད། འོན་ཀྱང་༢༠༡༨་ནས་ལྷོ་ཁའི་དམག་གི་ས་འོག་གོ་མཛོད་ཡོད་སར་མིའི་འགུལ་སྐྱོད་ཇེ་མང་དུ་སོང་བ་དང་དམིགས་བསལ་དགུན་ཁའི་དུས་སུ་འགུལ་སྐྱོད་ཇེ་མང་དུ་འགྲོ་བཞིན་པ་རྩད་གཅོད་ཐུབ་འདུག

ས་འོག་དམག་དོན་མཐུན་རྐྱེན་ཁང་གཉིས་པ་ནི་༢༠༠༨་ལོར་འཛུགས་སྐྲུན་བྱ་རྒྱུ་འགོ་ཚུགས་ནས་༢༠༡༠་ལོར་ལེགས་གྲུབ་བྱུང་ཞིང་། དེ་ལ་འཛུལ་སྒོ་གཉིས་ལས་མེད་ཀྱང་རི་ཁོག་གི་ས་བྲུས་པའི་མང་ཉུང་ལ་བལྟས་ན་ས་འོག་ཏུ་འཛུགས་སྐྲུན་ཆེན་པོ་ཞིག་བྱས་ཡོད་པ་ཚོད་དཔག་བྱེད་ཐུབ། རི་ཁོག་ནས་བྲུས་པའི་ས་རྡོ་རྣམས་ས་ཆ་མ་འདྲ་བ་ཁག་བཞི་ལ་བྱོ་ཡོད་པས་ས་རྡོ་མང་ཉུང་ཅི་ཙམ་བྲུས་ཡོད་མེད་ཚོད་དཔག་ཏག་ཏག་ཅིག་བྱེད་དཀའ། ཉམས་ཞིབ་པ་ཚོས་ལྷོ་ཁའི་ས་འོག་དམག་དོན་མཐུན་རྐྱེན་ཁང་གཉིས་པ་དེའི་ཆེ་ཆུང་གི་རྒྱ་ཁྱོན་ལ་མཱི་ཊར་གྲུ་བཞི་མ་༥༠༠༠༠་ཡས་མས་ཤིག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་བོད་དམག་ཁུལ་ཁང་གི་ལྷོ་ཁའི་དམག་སྒར་ཆ་ཚང་ས་འོག་དམག་དོན་མཐུན་རྐྱེན་ཁང་གཉིས་པར་ཤོང་ཐུབ། ས་འོག་དམག་དོན་མཐུན་རྐྱེན་ཁང་གཉིས་པ་དེར་ལྕགས་དྲྭ་བརྒྱབ་ནས་ལྕགས་རི་བསྐོར། རྒྱ་ནག་གིས་ལྷོ་ཁའི་ས་འོག་དམག་དོན་མཐུན་རྐྱེན་ཁང་གཉིས་ཡར་རྒྱས་གཏོང་གི་ཡོད་པ་དེ་ལ་བལྟས་ན་ས་གནས་དེ་རྒྱ་ནག་གི་དམག་དོན་ལ་གནད་འགག་ཅན་ཞིག་ཡིན་པ་མཚོན་ཐུབ། ལྷག་པར་དུ་༢༠༡༧་ལོར་རྒྱ་དཀར་ནག་གཉིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་རྣམས་འདྲེས་མཚམས་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་གྲབས་བྱས་ནས་བཟུང་། རྒྱ་ནག་གིས་བོད་དམག་ཁུལ་ཁང་རྒྱ་སྐྱེད་དང་དམག་གི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་རྒྱ་ཆེ་རུ་བཏང་ཡོད་པ་རེད།།།

XS
SM
MD
LG