ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གྲྭ་བཙུན་རྣམས་ཏང་གི་གསོ་སྦྱོང་ལ་ཞུགས་དགོས་པ།


༄༅།། ཨ་རིའི་རླུང་འཕྲིན་ཁང་ལ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ནས་འདྲ་པར་དང་གསར་འགྱུར་འབྱོར་བ་ལྟར་ན་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྤྱི་ལོ་༢༠༡༩་ལོའི་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་ཁང་གི་ཀྲུའུ་རིན་གྱི་གསོ་སྦྱོང་འཛིན་གྲྭ་ཞེས་པ་ཞིག་ཚུགས་ཡོད་ཅིང་། གསོ་སྦྱོང་འཛིན་གྲྭའི་ཡིག་བྱང་ནི་བོད་རྒྱ་ཡིག་རིགས་གཉིས་སུ་བྲིས་ཡོད་པ་གསལ་འདུག

གསར་འགྱུར་འདིའི་འབྱུང་ཁུངས་ཁ་ཤས་ཀྱིས་བརྗོད་ན་རྒྱ་ནག་གཞུང་གིས་བོད་པའི་གྲྭ་བཙུན་རྣམས་བསྡུ་སྐོང་དང་མིང་ཚིག་འདྲ་མིན་ཞིག་བཏགས་རུང་དོན་དམ་དུ་དགོན་པའི་ལས་སྣེ་དང་བླ་མ་སོགས་བསྡུ་སྐོང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཚོར་རྒྱལ་ཁབ་དགའ་ཞེན་དང་ཏང་ལ་གཞུང་དྲང་བློ་དཀར་བྱ་དགོས་པ། གྲྭ་བཙུན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་པ་བཅས་རྒྱ་ནག་དམར་ཤོག་གཞུང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་རྣམས་རྩ་འཛིན་གྱིས་ཆོས་ལུགས་ཁྱབ་སྤེལ་བྱ་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པ་མཚོན་ཐུབ་སྐད།།

བོད་པའི་གྲྭ་བཙུན་ཚོར་རྒྱ་ནག་གཞུང་གིས་གསོ་སྦྲོང་འཚོགས་དགོས་པའི་ལས་འགུལ་སྤེལ་ས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོ་ན་མ་ཡིན་པར་ཉེ་བའི་ཟླ་ཤས་སུ་བོད་ཀྱི་ས་གནས་མང་དག་ཅིག་གི་དགོན་སྡེ་ཁག་ཏུའང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བའི་ཚོགས་འདུ་འདི་འདྲ་བསྡུ་སྐོང་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གི་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་སར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་ཚོས་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱ་ནག་རིང་ལུགས་ཀྱི་ཆོས་ལུགས་ཁྱབ་སྤེལ་ལས་དོན་ལ་གྲུབ་འབྲས་གང་ལེགས་ཐོན་ཡོད། རྒྱལ་ཞེན་ཅན་གྱི་དགེ་འདུན་གྱི་སྡེ་དང་བརྟན་བརླིང་ཆེ་བའི་དགོན་པ་ཁག་གསོ་སྐྱོང་བྱས་ཐུབ་ཡོད་ཅེས་བསྒྲགས།།

རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་གང་སར་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སློབ་གསོ་སྤེལ་བའི་སྲིད་ཇུས་འདི་ལག་ནས་བསྟར་ནས་ཡུན་རིང་ཕྱིན་ཡོད་པར་མ་ཟད། འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་གང་སར་མིང་ཚིག་འདྲ་མིན་བཏགས་ནས་གྲྭ་བཙུན་ཚོར་ཏང་དང་མེས་རྒྱལ་ལ་བློ་དཀར་དགོས་པའི་སློབ་གསོ་འཕར་མ་དང་ཟབ་སྦྱོང་འཛིན་གྲྭ་སོགས་ཚོགས་བཞིན་ཡོད་པ་རེད།།

XS
SM
MD
LG