ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འཇིགས་སྐུལ་བར་འགེབས་སྲུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཁ་སྔོན་ཕྱི་༢་ཚེས་༡༤་ཉིན་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་རྒྱབ་སྐྱོར་འོག ཀ་ཤི་མིར་གྱི་དྲག་སྤྱོད་པ་ཞིག་གིས་རང་གི་རླངས་འཁོར་ནང་དུ་འབར་རྫས་བརྩིགས་ནས་རྒྱ་གར་གྱི་དམག་གི་རླངས་འཁོར་ལ་རྡུང་ཁ་བརྒྱབ། སྐབས་དེར་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པ་༤༢་བསད་པ་དང་མི་༢༠་ལྷག་རྨས། ཕྱི་ཟླ་༢་པའི་ཚེས་༢༦་ཉིན་རྒྱ་གར་གྱི་གནམ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱས་པ་དང་ཕྱི་ཉིན་དེར་པ་ཀི་སི་ཐན་གྱི་གནམ་དམག་གིས་རྒྱ་གར་ལ་རྒོལ་ལན་སློག དེར་བརྟེན་ལྷོ་ཨེ་ཤི་ཡར་དམག་འཁྲུག་གི་ཛ་དྲག་ཆེན་པོ་བྱུང་རུང་ཨ་མི་རི་ཀ་དང་རྒྱ་ནག་སོགས་ཀྱིས་བར་འདུམ་བྱས་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་རྒྱག་ཐུབ་མེད་ཅིང་། ཁ་སང་ཕྱི་ཟླ་༣་ཚེས་༢༠་ཉིན་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན་པ་ཀི་སི་ཐན་གཞུང་གིས་རང་གི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཁ་ཆེ་མཐའ་ལྷུང་རིང་ལུགས་པ་ཚོར་གནོན་སྡོམ་ཡག་པོ་ཞིག་བྱེད་ཐུབ་མེད་པ་དང་། གལ་སྲིད་པ་ཀི་སི་ཐན་གཞུང་གིས་ལྷག་བསམ་རྣམ་དག་གིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པར་གནོན་སྡོམ་མ་བྱས་པར་སླར་ཡང་རྒྱ་གར་ལ་གཏོར་རྒོལ་འཕོག་ཚེ། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་ས་མཚམས་ཁག་ཏུ་ཛ་དྲག་ཡོད་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་རེད་ཅེས་བཤད།།

ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་དེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པར་མུ་མཐུད་དུ་བརྗོད་དོན། ཉེ་ཆར་པ་ཀི་སི་ཐན་གྱིས་རྒྱ་གར་བའི་གནམ་དམག་གི་ཁ་ལོ་བ་ཞིག་འཛིན་བཟུང་བྱས་པ་འཕྲལ་དུ་རང་ཡུལ་ལ་གློད་གྲོལ་བཏང་བ་དང་པ་ཀི་སི་ཐན་གཞུང་གིས་ཁ་ཆེ་མཐའ་ལྷུང་རིང་ལུགས་པ་བཅུ་ཕྲག་འགའ་ཞིག་འཛིན་བཟུང་བྱས་མོད། ཇི་སྲིད་པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་ཡོད་པ་དེ་སྲིད་དུ་རྒྱ་གར་ལ་གཏོར་རྒོལ་འབྱུང་སྲིད་པའི་ཉེན་ཀ་ཡོད། འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱུང་ན་རྒྱ་གར་དང་པ་ཀི་སི་ཐན་གྱི་དམག་འཁྲུག་གི་ཛ་དྲག་ཆེ་རུ་འགྲོ་རྒྱུ་ལྡོག་ཐབས་མེད། ང་ཚོས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་གང་ཞིག་ཡིན་རུང་དམག་འཁྲུག་བརྒྱབ་ནས་ལྷོ་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་མི་ཆོག་ཅེས་སྔོན་བརྡ་བཏང་ཡོད། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་རྒྱག་མི་ཐུབ་པའི་སྲིད་ཇུས་ཤིག་ལག་བསྟར་བྱ་དགོས་ཀྱང་འཇིགས་སྐུལ་རིང་ལུགས་པ་རྣམས་འགལ་རྐྱེན་གཙོ་བོ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་དགོས་པའི་གྲོས་བསྡུར་བྱས་ཀྱང་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་ལ་དགག་པ་བརྒྱབ་སྟེ་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་ཐུབ་མེད་ཅིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་ཚོས་པ་ཀི་སི་ཐན་གཅིག་པུས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ཞིག་མིན། རྒྱ་ནག་ལའང་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པ་དང་ཚོགས་པ་དེའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་འགེབས་སྲུང་བྱེད་ཀྱི་ཡོད་པའི་ལན་ཁག་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལངས་ཕྱོགས་གཅིག་གྱུར་འཛིན་དགོས། ཁོ་ཚོས་པ་ཀི་སི་ཐན་ལ་རང་གི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་གནོན་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་བཤད།།

ཀ་ཤི་མིར་གྱི་པུལ་ཝ་མ་ས་གནས་སུ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པར་གཏོར་རྒོལ་བྱས་པ་དང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧོ་མེ་ཐེ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་ནས་བཟུང་། ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི་གསུམ་གྱིས་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པའི་འགོ་ཁྲིད་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་དགོས་པའི་གྲོས་གཞི་བཏོན། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གིས་དགག་པ་བརྒྱབ་ནས་གྲོས་ཆོད་བཀག འདི་ནི་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་བཀག་ནས་མ་སུ་ཐེ་ཨ་ཛར་ལ་སྲུང་སྐྱོབ་བྱས་པ་ཐེངས་༤་པ་ཡིན་ཞིང་། རྒྱ་གར་གཞུང་གིས་རྒྱ་ནག་གི་བྱེད་བབ་དེར་བློ་ཕམ་ཆེན་པོ་ཡོད་ཅེས་ངོ་རྒོལ་བྱས་ཡོད་པར་མ་ཟད། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་དེས་ལྷོ་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་བསྐྲུན་ན་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀར་ཁེ་ཕན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་མ་ཐུབ་པ་ནི་ལས་འགན་མ་གྲུབ་པ་ཆེན་པོ་ཞིག་ཡིན། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ཐུན་མོང་གི་ལངས་ཕྱོགས་ཤིག་བཟུང་ཡོད་པར་རྒྱབ་འགལ་རེད། རྒྱ་ནག་གིས་ལངས་ཕྱོགས་འདི་འདྲ་ཞིག་འཛིན་དགོས་དོན་ཅི་ཡིན་ང་ཚོས་གཏན་ནས་ཤེས་ཀྱིན་མི་འདུག པ་ཀི་སི་ཐན་གྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་རྒྱ་ནག་གིས་གཏན་ནས་སྲུང་སྐྱོབ་བྱེད་མི་རུང་ཞེས་བཤད།།

ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི་བཅས་ཀྱིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་བརྒྱུད་ནས་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནག་པོར་འགོད་ཐུབ་མེད་ཀྱང་འཇར་མན་ཎིའི་འགོ་ཁྲིད་འོག་ཏུ་ཡུ་རོབ་མཉམ་འབྲེལ་གྱིས་ཇཱེ་ཤི་མེ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པ་དང་ཚོགས་པ་དེའི་འགོ་ཁྲིད་རྣམས་འཇིགས་སྐུལ་རིང་ལུགས་ཀྱི་ཐོ་གཞུང་ནག་པོར་འགོད་དགོས་པའི་གྲོས་གཞི་བཏོན། ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པས་རྒྱ་གར་ལ་གཏོར་རྒོལ་བྱས་པ་ཐེངས་དང་པོ་མིན་པ་སྟེ། ༢༠༠༡་ལོར་འཇིགས་སྐུལ་ཚོགས་པ་དེས་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་གཏོར་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ། དེའི་རྗེས་སུ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དུས་ཡུན་ཟླ་བ་༦་ལ་དམག་དཔུང་བསྡུ་སྐུལ་དང་ས་མཚམས་སུ་དམག་གསོག་བརྒྱབ་སྟེ་ལྷོ་ཨེ་ཤི་ཡར་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པའི་ཉེན་ཀ་བྱུང་ཡོད། ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་པ་ཀི་སི་ཐན་ལ་ཇཱེ་ཤི་མོ་ཧ་མེ་ཐེ་འཇིགས་སྐུལ་ཚོགས་པར་གནོན་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པ་ཚོར་གནས་ཡུལ་སྤྲོད་མི་ཆོག་པའི་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་བརྩི་སྲུང་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

XS
SM
MD
LG