ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་འཐུས་མིས་ཡུ་གུར་བར་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། སྤྱི་ཟླ་༣་པའི་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གིས་དམ་དྲག་དང་མནར་གཅོད་གཏོང་བཞིན་པར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་པའི་འགན་ཁུར་ཅི་ཡང་བླངས་མེད་པ་དང་ཨ་རིའི་གཞུང་གིས་ངེས་པར་དུ་རྒྱ་ནག་ལ་རྣམ་འགྱུར་གསལ་བོ་ཞིག་སྟོན་དགོས་ཞེས་བསྐྱར་དུ་འབོད་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཨེ་ལོ་ཊི་ཨན་གྷོ་ཡིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཏེ་ཞིན་ཅིང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པ་ཛ་དྲག་ཆེན་པོ་ཞིག་རེད། གནད་དོན་འདིས་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ལ་གསལ་འདེབས་ཤིག་བྱས་ཡོད་པ་སྟེ། འཛམ་གླིང་ཡོངས་ཀྱིས་རྒྱ་ནག་ལ་རང་གི་དྲག་རྩུབ་སྲིད་ཇུས་དེའི་འགན་འཁྲི་ལེན་དུ་འཇུག་དགོས་ཞེས་བཤད།།

རྒྱ་ནག་གཞུང་གིས་དེང་རབས་ཀྱི་འཕྲུལ་ཆས་མང་པོ་ཞིག་བེད་སྤྱོད་བཏང་ནས་ཞིན་ཅང་གི་ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་ན་ནིང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིའི་འབྲེལ་ཡོད་ཚོང་དོན་ལྷན་ཁང་སོགས་ལ་སྙན་ཞུ་ཕུལ་ཏེ། ཨ་རིས་རྒྱ་ནག་ལ་ཕྱིར་འཚོང་བྱེད་བཞིན་པའི་འཕྲུལ་ཆས་དང་ལག་རྩལ་ཁག་ཅིག་རྒྱ་ནག་གིས་འགྲོ་བ་མིའི་རང་དབང་ལ་དམ་དྲག་བྱེད་པར་བེད་སྤྱོད་གཏོང་བཞིན་ཡོད་པས་འཕྲུལ་ཆས་དེའི་རིགས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཕྱིར་འཚོང་བྱེད་མི་ཆོག་ཅེས་ནན་བརྗོད་བྱས་པ་དང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཀྱང་དེ་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ཨ་རིའི་གཞུང་གིས་གྲོས་ཚོགས་ཀྱི་འབོད་སྐུལ་དེ་དག་ལག་བསྟར་བྱས་མེད་པས་ཐེངས་འདིར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཕུལ་བའི་སྙན་ཞ་དེར་བསྐྱར་དུ་སྲིད་གཞུང་གིས་ཞིན་ཅང་གི་གནད་དོན་ཐད་དུ་དོན་ཕན་ལྡན་པའི་ལག་བསྟར་ཅི་ཡང་མ་བྱས་པའི་སྟབས་ཀྱིས་ཛ་དྲག་ཆེ་བའི་གནད་དོན་འདི་ལ་ང་ཚོས་མུ་མཐུད་དུ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཀོད།།

རྒྱལ་སྤྱིའི་ཆོས་དད་རང་མོས་ལྷན་ཚོགས་སུ་ཡོད་པའི་ཨ་རིའི་སྐུ་ཚབ་སེམ་ བྷི་རོང་བྷེ་ཁི་ཡིས་གསར་འགོད་པར་བཤད་ཡོད་པ་ལྟར་ན། ཞིན་ཅང་གི་ཡུ་གུར་བའི་གནད་དོན་ཨ་རིའི་གཞུང་གི་ནང་ཁུལ་དུ་བགྲོ་གླེང་མཐིལ་ཕྱིན་པ་ཞིག་བྱེད་ཀྱི་ཡོད་ཀྱང་གསལ་བསྒྲགས་བྱ་རྒྱུའི་གནས་ཚུལ་གསར་བ་ཅང་མེད་ཅེས་བཤད་འདུག གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་སྤྱི་ལོ་༢༠༡༧་ལོའི་ཟླ་༤་པའི་ཚུན་ཆད་དུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་། ཧ་ས་ཁ་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་གི་ནང་དུ་བཅུག་ཡོད་པ་ནི་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་རེད། ང་ཚོས་མ་འོངས་པར་རྒྱ་ནག་གཞུང་ལ་ལུགས་མཐུན་མིན་པའི་སྲིད་ཇུས་འདི་དག་ལག་བསྟར་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དོན་མེད་བཀག་ཉར་བྱས་ཡོད་པའི་མི་རྣམས་གློད་གྲོལ་གཏོང་དགོས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་རྣམས་བདེ་འཇགས་ལ་འཇིགས་སྣང་མེད་པར་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་དགོས་ཞེས་བཤད།།

ན་ནིང་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ཀྱིས་ཨ་རིའི་གཞུང་གིས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་ཀོ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་མཁན་མི་སྒེར་པ་ཁག་དང་ཚོགས་པ་སོགས་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས། ཡིན་ནའང་ད་ལྟའི་བར་དུ་ཨ་རི་དང་རྒྱ་ནག་གི་ཚོང་དམག་གི་འགལ་ཟླ་སེལ་རྒྱུ་དང་འདུམ་འགྲིག་གི་གྲོས་མོལ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཨ་རིའི་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་གཅིག་ལ་ལའང་དངོས་སུ་ཉེས་ཆད་གཅོད་ཐུབ་མེད། རྒྱལ་སྤྱིའི་སྟེང་དུ་ཡོངས་གྲགས་ཀྱིས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་སྟེ་མནར་གཅོད་གཏོང་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་གཞུང་གིས་ལྟེ་གནས་དེ་དག་ལག་ཤེས་སློབ་གྲྭ་ཡིན་ཞེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པ་རེད།།

XS
SM
MD
LG