ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་དང་ཊམ་གྱི་གྲོས་མོལ་ལ་གྲུབ་འབྲས་མེད་པར་མཇུག་སྒྲིལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཞི་བདེ་ཁྱབ་བསྒྲགས། ཨ་མི་རི་ཀས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཡང་དུ་གཏོང་རྒྱུའི་རེ་བ་འཆང་རུང་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་གྲོས་མོལ་འགོ་བཙུགས་མ་ཐག་པ་ནས་རྩ་དོན་འགའ་ཞིག་གི་ཐོག་ཏུ་གྲོས་མཐུན་ཡོང་གི་མེད་པས་ཐེངས་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་མཐུན་གང་ཡང་འཇོག་མ་ཐུབ་པར་ཁ་སྟོང་ལག་སྟོང་ལ་རང་ཡུལ་དུ་ཕྱིར་ལོག་བྱས་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་པའི་རྗེས་སུ་གསར་འགོད་ལྷན་ཚོགས་བསྐོངས། ཁོང་གིས་ང་ཚོ་གྲོས་མཐུན་ཡོང་མི་ཐུབ་པའི་འགག་རྩ་གཙོ་བོ་ནི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ལ་ཐུག་ཡོད། ཁོ་ཚོས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་རྣམས་སྔོན་ལ་ཕྱིར་འཐེན་ཆ་ཚང་བྱ་དགོས་ཟེར་གྱིན་འདུག ང་ཚོས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་སྔོན་ལ་ཕྱིར་འཐེན་བྱ་ཐུབ་ཐབས་མེད། སྐབས་འགར་གྲོས་མོལ་མཚམས་བཞག་ནས་ལོག་ཡོང་ན་དགེ་མཚན་ཆེ་ཞེས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་པ་དེར་གྲུབ་འབྲས་མ་ཐོན་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བརྒྱབ།།

ན་ནིང་ཕྱི་ཟླ་༦་པའི་ཚེས་༡༢་ཉིན་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་སིངྒེ་པུར་དུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱས་ནས་བཟུང་། ད་བར་ལོ་གཅིག་ཡས་མས་ཤིག་གི་རིང་ལ་ཨ་མི་རི་ཀས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་དང་ཞི་འཇམ་གྱི་སྲིད་ཇུས་ཤིག་བཟུང་རུང་ཨ་རི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་ཐོན་མེད་པས་ཨ་མི་རི་ཀས་འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་ལ་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་ངལ་བ་འབྲས་མེད་དུ་གྱུར། ཉམས་ཞིབ་པ་ཕལ་ཆེ་བས་བྱང་ཀོ་རི་ཡས་སྔར་བཞིན་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་བྱ་མི་སྲིད། ཨ་རིའི་སྲིད་འཛིན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་ནས་ཀིམ་ཇུང་ཨུན་གྱི་མཚན་མཐོང་ཇེ་ཆེ་དང་ལུགས་མཐུན་གྱི་རང་བཞིན་ཇེ་བརྟན་དུ་གྱུར་སོང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ཉིད་གྲོས་མོལ་བྱེད་མཁན་ངར་བ་ཞིག་ཡིན། ཁོ་པར་རང་གི་ཁ་གཏད་པ་ཚོར་གྲོས་མཐུན་འཇོག་ཏུ་འཇུག་ཐུབ་པའི་ནུས་པ་ཡོད་ཅེས་བཤད་པ་ཁ་སྟོང་པའི་འུར་སྒྲོགས་ཡིན་པ་ར་འཕྲོད་སོང་ཞེས་དཔྱད་བརྗོད་སྤེལ།།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་དབྱོང་བྷི་འོང་རྡུལ་ཕྲན་ལས་གྲྭ་རྩ་གཏོར་གཏོང་རྒྱུ་ལག་ལེན་བསྟར་ཆོག ཡིན་ནའང་སྔོན་ལ་ཨ་མི་རི་ཀས་ངེས་པར་དུ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་རྒྱུ་དེར་མོས་མཐུན་བྱས་མེད་ཅིང་། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་གཉིས་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་མ་བྱས་གོང་དུ་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་ལས་གྲྭ་རྣམས་རྩ་གཏོར་གཏོང་དགོས། ད་དུང་ཨ་མི་རི་ཀས་ཕྱིར་བསྒྲགས་མ་བྱས་ཀྱང་བྱང་ཀོ་རི་ཡར་རྡུལ་ཕྲན་ལས་གྲྭ་གཉིས་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གནད་དོན་གཞན་གྱི་ཐོག་ཏུ་གྲོས་མོལ་རྒྱུན་འཁྱོངས་བྱ་འཆར་ཡོད་ཅེས་བཤད། ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་གློ་བུར་དུ་འགགས་ནས་མཚམས་འཇོག་བྱ་དགོས་ཐུག་པ་ནི་མགྲོན་བདག་རྒྱལ་ཁབ་ཝྭི་ཏེ་ནམ་དང་ལྷོ་ཀོ་རི་ཡ་སོགས་ཀྱི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཏུ་གྱུར་ཡོད་པ་སྟེ། ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མཐུན་ཆ་ཚང་བ་ཞིག་འཇོག་མ་ཐུབ་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡར་རྡུལ་ཕྲན་རྩེ་མདེལ་༣༠་ནས་༦༠་ཡས་མས་ཤིག་ཡོད་པ་དང་ཨ་མི་རི་ཀའི་ས་ཐོག་ཏུ་སྙོབ་ཐུབ་པའི་རྒྱང་འཕེན་མེ་ཤུགས་འཕུར་མདེལ་ཡང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་ཆེད་དུ་ཝྭི་ཏེ་ནམ་ལ་ཕེབས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱ་རྒྱུ་དང་། ཀོ་རི་ཡའི་གླིང་ཟུར་ལ་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ནས་ཞི་བདེ་བསྐྲུན་རྒྱུ། ཕྱི་ལོ་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་ཕྱི་འབྲེལ་སྲིད་ཇུས་ལ་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་བྱ་དགོས་པའི་དམིགས་ཡུལ་འཆང་། འོན་ཀྱང་དེ་ལས་ལྡོག་སྟེ་ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཟུར་པ་མེ་ཁེལ་ཀོ་ཧན་གྲོས་ཚོགས་ལ་འབོད་འགུགས་བྱས་ནས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་པ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཤེས་རྟོགས་བྱུང་ཡོད་མེད་དང་། སྲིད་འཛིན་ཌོ་ནལ་ཊམ་དང་བཟའ་མི་ཚོས་དཔྱ་ཁྲལ་ལ་གཡོ་ཐབས་བྱས་ཡོད་མེད་དང་ཁྲིམས་འགལ་བྱས་ཡོད་མེད་ཀྱི་འདྲི་ཞིབ་ཚུགས།།

ཨ་མི་རི་ཀའི་ཝིལ་སིན་ཉམས་ཞིབས་ཁང་གི་མཁས་པ་ཇཱོང་ལི་ཞེས་པ་ཞིག་གིས་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་མ་ཐུབ་ཀྱང་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་གཤམ་འོག་གི་ལས་སྣེ་ཚོས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་པའི་འབྲེལ་བ་ཞིག་འཛུགས་ཐུབ་ཡོད་མེད་ལ་བློ་འཚབ་ཡོད། གལ་སྲིད་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འབྲེལ་བ་ཞིག་འཛུགས་ཐུབ་མེད་ཚེ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་འགག་སྲིད། ཐ་ན་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་ཡང་ཛ་དྲག་ཅན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཀ་ཡོད། དེས་ན་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཇེ་མང་དང་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཐོབ་ཐུབ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་དང་མང་དུ་བཏང་ན་ཀིམ་ཇུང་ཨུན་གྱིས་ནམ་ཡང་ཕམ་ཁུར་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དགོས་དོན་མེད་ཅེས་བཤད།།

སིངྒ་པུར་གྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཀས་ཕིང་དབྱང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། ཀོ་རི་ཡའི་གླིང་ཟུར་དེར་རྟག་བརྟན་གྱི་ཞི་བདེ་ཞིག་བསྐྲུན་རྒྱུ། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དང་ཀོ་རི་ཡའི་དམག་འཁྲུག་སྐབས་སུ་དམག་སར་ཤི་བའི་འཐབ་མོ་བ་འདས་པོ་རྣམས་ཀྱི་རུས་ལྷག་རྣམས་ཕན་ཚུན་སྤྲོད་རེས་བྱ་རྒྱུའི་གྲོས་མཐུན་དོན་ཚན་བཞི་ལ་མིང་རྟགས་བཀོད། ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་གྲོས་མཐུན་དོན་ཚན་བཞི་པོ་ལག་ལེན་བསྟར་ཕྱོགས་སུ་གྲོས་མཐུན་བྱུང་མེད་ཅིང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ང་ལ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་འདོད་མེད་ན་འདི་ལ་གྲོས་མོལ་བྱེད་དུ་ཡོང་གི་མ་རེད་ཅེས་གྲོས་མོལ་འགགས་པའི་ལན་ཁག་རྣམས་ཨ་མི་རི་ཀར་ཡོད་པའི་བརྡ་ཞིག་བཏང་ཡོད་པ་རེད།།

XS
SM
MD
LG