ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་ན་གཞོན་ཆབ་སྲིད་པས་བོད་དོན་ལ་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༡༩༥༩་ལོའི་ཟླ་བ་༣་པའི་ཚེས་༡༠་ཉིན་ནི་བོད་པ་ཚོས་རང་དབང་སྒེར་ལངས་བྱས་ནས་ལོ་༦༠་ཧྲིལ་བོ་འཁོར་བའི་དུས་དྲན་ཡིན་ཞིང་། ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཡར་སྐུལ་ཚོགས་པ་དང་བོད་ཀྱི་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་མཛའ་འབྲེལ་ཚོགས་པ་སོགས་ཀྱིས་ཁ་སང་སྤྱི་ཟླ་༢་པའི་ཚེས་༡༣་ཉིན་ནས་བཟུང་སྟེ་བོད་རང་དབང་གི་ཆེད་དུ་རྐང་འཁོར་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་མགོ་བརྩམས། ཐེངས་འདིའི་བོད་རང་དབང་གི་སྐོར་སྐྱོད་ལས་འགུལ་ལ་ཐེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་བཞིས་རྒྱབ་སྐྱོར་གྱི་གཏམ་བཤད་བྱས་ཡོད་པ་རེད།།

ད་ལྟ་ལོ་ན་༣༦་ལ་སོན་པའི་ཐེ་ཝན་གྱི་དུས་སྟོབས་ཞེས་པའི་ཆབ་སྲིད་ཚོགས་པའི་མི་སྣ་དང་ཐེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ལིན་ཡུའི་མིན་གྱིས་རྒྱ་ནག་གིས་བོད་དུ་དམག་བཏང་ནས་བཙན་འཛུལ་བྱས་པ་དང་སྐབས་དེར་ཕྱོགས་གཉིས་ཀས་ཞི་བདེ་ཡོང་ཐབས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཀྱང་རྒྱ་ནག་གིས་གྲོས་མཐུན་དེར་བརྩི་སྲུང་མ་བྱས་པར་མུ་མཐུད་དུ་བོད་པ་ཚོར་དྲག་གནོན་དང་བོད་པ་མང་པོ་འཛིན་བཟུང་བྱས་མྱོང་། ད་ལྟའང་བོད་ཀྱི་ས་གནས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་ལ་སོང་བ་ཡིན་ན་གང་ས་གང་དུ་དྲག་ཆས་ཉེན་རྟོག་པ་མང་པོ་མཐོང་རྒྱུ་ཡོད། བོད་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་རིག་གནས། ཆོས་ལུགས་སོགས་ཀྱི་ལས་དོན་གང་ཐད་དུ་རྒྱ་ནག་གཞུང་གིས་ཚོད་འཛིན་དང་བཀག་སྡོམ་ནན་པོ་བྱེད་བཞིན་འདུག

ཐེ་ཝན་མི་དམངས་ཀྱིས་མནར་གཅོད་ཀྱི་འོག་ཏུ་ཚུད་པའི་བོད་མི་དམངས་ལ་གཡོ་བ་མེད་པ་དང་ཕྱི་བཤོལ་མེད་པའི་རྒྱབ་སྐྱོར་བརྟན་པོ་ཞིག་ངེས་པར་དུ་བྱ་དགོས། ང་ཚོས་ཐེ་ཝན་དུ་སྐྱབས་བཅོལ་བ་ལེན་ཆོག་པའི་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་འབད་བརྩོན་བྱས་ཏེ་བོད་པ་དང་ཡུ་གུར་བའི་སྐྱབས་བཅོལ་བ་རྣམས་ཐེ་ཝན་དུ་ལེན་དགོས་ཞེས་བཤད་འདུག གཞན་ཡང་ལོ་ན་༣༢་ལ་སོན་པའི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་དང་ཐེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཝུ་ཕེ་དབྱིས་རང་ཉིད་སློབ་ཕྲུག་ཡིན་དུས་ནས་བོད་དོན་རྒྱབ་སྐྱོར་པ་ཞིག་ཡིན། ཁོ་མོའི་ཉེ་འཁྲིས་ཀྱི་གྲོགས་པོ་སོགས་ཀྱིས་ཐེ་ཝན་པ་ཚོས་བོད་དོན་ལ་རྒྱབ་སྐྱོར་ཅི་ཙམ་བྱེད་ཐུབ་བམ་ཞེས་དོགས་འདྲི་བྱས་མྱོང་། ཡིན་ནའང་ངས་ཁོར་ཚོར་ང་ཚོ་མི་རེ་ངོ་རེ་ནས་བོད་དོན་ལ་རྒྱུས་ལོན་བྱེད་དུ་འཇུག་ཐུབ་རྒྱུ་དང་མི་རེ་རེ་བྱས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་ཡིན་ན་ང་ཚོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ས་བོན་མང་པོ་ཞིག་གདབ་ཐུབ། ངས་བསམ་པར་ཐེ་ཝན་ས་གནས་དང་འཛམ་གླིང་གི་ས་ཆ་གཞན་པ་གང་དུ་ཡིན་རུང་ལས་དོན་འདི་ཧ་ཅང་གལ་ཆེན་པོ་རེད་ཅེས་འགྲེལ་བཤད་བརྒྱབ་པ་ཡིན།།

རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ཀྱི་གཉའ་གནོན་ལ་ཐེ་ཝན་མི་དམངས་ཀྱིས་ངེས་པར་དུ་གྱེན་རྒོལ་གདོང་ལེན་བྱ་དགོས། ཐེ་ཝན་གྱི་གནས་སྟངས་འདི་་ཧོང་ཀོང་ལྟ་བུ་ཞིག་ཏུ་འགྱུར་རྒྱུར་ངོས་ལེན་གཏན་ནས་བྱ་མི་ཉན། ཐེ་ཝན་དེ་བས་ཀྱང་བོད་ཀྱི་གནས་སྟངས་ལྟ་བུ་ཞིག་ཏུ་འགྱུར་མི་རུང་། ཐེ་པེ་ནི་ཐེ་ཝན་གྱི་རྒྱལ་ས་ཡིན། འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་ས་ཡང་ཡིན། ཐེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་བོད་དོན་ལ་རྒྱབ་སྐྱོབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོ་མོས་མ་འོངས་པར་ཐེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་སུ་བོད་རང་དབང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་ཞུ་ཡི་ཡིན་ཞེས་བཤད་འདུག ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡུལ་ཁག་ཏུ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཁ་ཤས་ཀྱིས་ལྟད་མོར་བལྟས་པ་དང་པར་བརྒྱབ་པ་སོགས་བྱས་ཡོད། ཡང་ཡུལ་སྐོར་སྣེ་ཤན་པ་རེ་ཟུང་གིས་འདིར་བོད་རང་བཙན་གྱི་ལས་འགུལ་སྤེལ་གྱི་འདུག་པས་འདིའི་ཉེ་སར་མ་བཅར་ན་ལེགས་ཞེས་བཤད་འདུག བོད་ཀྱི་ཐེ་ཝན་འགྲོ་བ་མིའི་ཐོིབ་ཐང་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་བཀྲ་ཤིས་ཚེ་རིང་གིས་ལས་འགུལ་འདི་བོད་རང་དབང་གི་སྐོར་སྐྱོད་ལས་འགུལ་ཞིག་ཡིན། འདི་ལ་ཐེ་ཝན་གྱི་མིང་གྲགས་ཅན་གྱི་ཡུལ་ལྗོངས་སྐོར་ཞིག་བརྒྱུད་ཐུབ་པས་ས་གནས་སོ་སོར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འཕྲད་སྲིད། ཁོ་ཚོ་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་མི་རེ་རེར་སོ་སོའི་ལྟ་ཚུལ་མ་འདྲ་བ་ཡོད་པ་རྣམས་བཤད་ཆོག་པ་དང་མི་སྒེར་གྱི་རང་དབང་ཅི་ཞིག་ཡོད་པ་རྣམས་ངོས་ཟིན་དུ་འཇུག་ཐུབ་པའི་རེ་བ་ཡོད་ཅེས་བཤད་འདུག

ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཡར་སྐུལ་ཚོགས་པས་ཨ་རིའི་རང་དབང་ཁང་གིས་ཉེ་ཆར་འཛམ་གླིང་གི་ས་གནས་མི་འདྲ་བའི་ནང་གི་རང་དབང་གི་ཚད་ལ་ཞིབ་བསྡུར་བྱས་པའི་མཇུག་འབྲས་སུ་རྒྱ་ནག་ལ་སྐར་མ་༡༡་དང་ཐེ་ཝན་ལ་སྐར་མ་༩༣་སྤྲད་ཀྱང་བོད་ལ་སྐར་མ་གཅིག་མ་གཏོགས་ཐོབ་མེད་པས་བོད་ནང་གི་འགྲོི་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་འཛམ་གླིང་སྟེང་གི་ཆེས་སྐྱོ་ཤོས་ཨང་གཉིས་པར་གྱུར། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཆེས་རྡུགས་པ་ནི་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡ་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚད་ཆེས་ཡག་ཤོས་ནི་ཡུ་རོབ་རྒྱལ་ཁབ་ནོར་ཝེ་རེད་ཅེས་ཨང་གྲངས་སྤྲད་ནས་གཤིབ་བསྡུར་བྱས་འདུག

XS
SM
MD
LG