ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་དོན་སྲི་ཞུ་སྙན་སྒྲོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༢་པའི་ཚེས་ལྔའི་དགོང་མོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གི་འཐུས་མི་ཚང་འཛོམས་ལ་རྒྱལ་དོན་སྲི་ཞུ་སྙན་སྒྲོན་ཞུས། ཁོང་གིས་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་གིས་དབང་སྒྱུར་བྱས་པའི་ཨ་རིའི་གྲོས་ཚོགས་འོག་མས་ས་མཚམས་སྲུང་སྐྱོབ་ཀྱི་འགྲོ་གྲོན་སྤྲོད་དགོས། མེཀ་སི་ཀོ་ནས་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཡོང་གི་ཡོད་པ་དང་དུད་ནག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་ངེས་པར་དུ་འགོག་དགོས། ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་འབུམ་ཕྲག་མང་པོ་ཡོང་གི་ཡོད་པ་ཛ་དྲག་གི་གནས་ཚུལ་ཞིག་ཡིན་ཞེས་བསྒྲགས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཚོགས་མ་བརྒྱུད་པར་ཛ་དྲག་གི་དབང་ཚད་བཀོལ་ནས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་མེད་ཅིང་། ད་ལྟ་ཉི་མ་བཅུའི་ནང་ཚུད་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གིས་ས་མཚམས་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཐག་གཅོད་བྱེད་མ་ཐུབ་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐྱར་དུ་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་རྒྱག་སྲིད་པའི་ཉེན་ཀ་ཡོད་རུང་མདང་དགོང་གི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སླར་ཡང་སྲིད་གཞུང་སྒོ་རྒྱག་རྒྱུ་ཡིན་ཞེས་སྡིགས་ར་མ་བསྐུལ།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་གཏམ་བཤད་བྱས་པའི་བརྗོད་བྱ་མང་ཆེ་བ་ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་ས་མཚམས་སྲུང་སྐྱོབ་བྱ་དགོས་པ་དང་མེཀ་སི་ཀོ་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་ཁྲིམས་འགལ་བ་དང་མི་གསོད་ལག་དམར། བུད་མེད་ལ་བཙན་གཡེམ་བྱེད་མཁན་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་ལུག་ཡོང་གི་འདུག མེཀ་སི་ཀོ་ནས་ཨ་མི་རི་ཀར་དུད་ནག་དང་ཉལ་ཐ་སོགས་རྒྱ་མ་སྟོང་ཕྲག་མང་པོ་སྐྱེལ་འདྲེན་བྱས་ནས་ནག་ཚོང་དར་ཁྱབ་འགྲོ་བཞིན་པ་རྣམས་འགོག་ཐབས་བྱ་དགོས། ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོས་ཨ་མི་རི་ཀའི་སྤྱི་དམངས་ཀྱི་ལས་ཀའི་གོ་སྐབས་འཕྲོག་པ་དང་སྤྱི་ཚོགས་ལ་ཟིང་འཁྲུག་སློང་གི་ཡོད་པའི་ཉེན་ཀ་གསལ་སྟོན། འདས་པའི་ལོ་གཉིས་ཀྱི་རིང་ལ་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ལས་ཤོར་པའི་གྲངས་འབོར་ཆེས་དམའ་ཤོས་སུ་སླེབས་པ། ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་ཡར་རྒྱས་དང་འདྲ་མཉམ་མིན་པའི་ཚོང་ལས་ཀྱི་གྲོས་མཐུན་ཁག་ལ་བསྐྱར་དུ་གྲོས་བསྡུར། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་དང་ཨབ་གྷ་ཎི་སི་ཐན་སོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་འཆར་ཡོད་ཅེས་གནད་དོན་མང་པོ་ཞིག་གླེང་།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དམངས་གཙོ་ཚོགས་པས་སྲིད་གཞུང་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་ཨ་མི་རི་ཀ་དགེ་མཚན་མེད་པའི་ཕྱི་རྒྱལ་གྱི་དམག་འཁྲུག་ཁག་ལ་མཉམ་ཞུགས་བྱས་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད། ད་ལྟ་ཨ་མི་རི་ཀར་ངོ་མཚར་ཆེ་བའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད། འདི་ལ་གླེན་རྟགས་ཀྱི་དམག་འཁྲུག་དང་ཆབ་སྲིད། དགོས་མེད་ཀྱི་སྲིད་དོན་ཚོགས་པའི་འཐེན་འཁྱེར་གྱིས་ཞིབ་འཇུག་བྱས་ན་འགོག་རྐྱེན་འཕྲད་སྲིད་ཅེས་བཤད་མོད། འོན་ཀྱང་ཨ་མི་རི་ཀས་གླེན་རྟགས་ཀྱི་དམག་འཁྲུག་ཅི་ཞིག་རྒྱག་གི་ཡོད་མེད། སྲིད་འཛིན་སྒེར་ལ་ཞིབ་འཇུག་བྱས་ན་གནོད་སྐྱོན་ཅི་ཞིག་འབྱུང་རྒྱུ་ཡིན་མིན་རྣམས་ཁུངས་སྐྱེལ་ར་སྤྲོད་ཐུབ་མེད། ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་དང་སྲིད་འཛིན་སྒེར་གྱི་དཔལ་འབྱོར་ལ་ཞིབ་འཇུག་བྱ་འཆར་ཡོད་པར་མ་ཟད། ཨ་མི་རི་ཀའི་དམིགས་བསལ་འདྲི་ཞིབ་ཚོགས་ཆུང་གིས་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་ཡོད་པ་དང་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཚོགས་ཆུང་དང་ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ཕྱི་སྲིད་འཛིན་ཕྱོགས་ལ་གཏམ་བཤད་གསལ་བོ་ཞིག་བྱས་མེད་ཀྱང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་འོས་ཤིང་འཚམས་པ་ཞིག་ཡིན། ད་དུང་བྱང་ཨ་རིའི་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ལ་བསྐྱར་དུ་གྲོས་བསྡུར་བྱས་ནས་གྲོས་མཐུན་གསར་པ་ཞིག་བཞག་པར་དགེ་མཚན་བྱུང་ཡོད། ཟླ་བ་འདིའི་ཚེས་༢༧་དང་ཚེས་༢༨་གཉིས་ལ་ཝེ་ཏེ་ནེམ་གྱི་ས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱ་འཆར་ཡོད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་ཡོད། ཀོ་རི་ཡའི་གླིང་ཟུར་ལ་དམག་འཁྲུག་གི་ཉེན་ཀ་མེད། ཨ་མི་རི་ཀས་ཝྭེ་ནེ་ཛུ་ལའི་བར་བརྒལ་སྲིད་འཛིན་ཧྭང་གྷོ་ཡེ་དྷོ་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་འཛིན་ལ་ངོས་ལེན་བྱས་པ་ཡིན། ཨ་མི་རི་ཀ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བན་གྱེན་ལོག་ཤོག་ཁག་གིས་ཞི་བའི་གྲོས་མོལ་བྱེད་བཞིན་ཡོད། གལ་སྲིད་ཕྱོགས་གཉིས་ཀས་ཞི་བའི་གྲོས་མཐུན་ཡག་པོ་ཞིག་འཇོག་ཐུབ་ན་ལོ་༡༧་གྱི་རྗེས་སུ་ཨ་མི་རི་ཀའི་དམག་རྣམས་ཨབ་གྷ་ཎི་སི་ཐན་ནས་རང་ཡུལ་ཕྱིར་འཐེན་བྱེད་ཆོག་ཅེས་བཤད། ཡིན་ནའང་ཌོ་ནམ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐུབ་རྒྱུ་ཡིན་མིན། ཏ་ལི་བན་ཤོག་ཁག་གིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་རྒྱུ་ཡིན་མིན་ངེས་གཏན་བྱས་མེད།།

དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ཁག་ཅིག་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན། ཁོ་ཚོ་མང་ཆེ་བས་སྲིད་འཛིན་གྱི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་གྱི་ནང་དུ་གཙོ་བོ་ནི་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་ཞིག་བསླང་རྒྱུ་དང་༢༠༡༦་གི་སྲིད་འཛིན་འོས་འདེམས་ལས་འགུལ་སྐབས་སུ་ཌོ་ནལ་ཊམ་གྱིས་ཁས་ལེན་བྱས་པ་རྣམས་སྒྲུབ་ཐབས་བྱ་རྒྱུ་འབའ་ཞིག་ཡིན་པ་ལས། ཨ་མི་རི་ཀའི་ལྷོ་ཕྱོགས་ས་མཚམས་ཁག་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་འབུམ་ཕྲག་མང་པོ་ལུག་ཡོང་གི་ཡོད་པའི་དཀའ་ངལ་ཞིག་མེད། ཨ་མི་རི་ཀར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་དུད་ནག་དང་ཉལ་ཐ་རྣམས་ས་མཚམས་ཀྱི་འགག་སྒོ་ཁག་དང་གནམ་ཐང་། གྲུ་ཁ་སོགས་ནས་སྐྱེལ་འདྲེན་བྱེད་ཀྱིན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་དང་། ལྷག་པར་དུ་རང་གི་རྒྱབ་སྐྱོར་པ་རྙིང་ཞེན་མཁྲེགས་འཛིན་ཅན་ཚོར་བསྟུན་པའི་ཆེད་དུ་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླང་དགོས་པའི་ཨུ་ཚུགས་རྒྱག་གི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱི་དམིགས་ཡུལ་ནི་ཨ་མི་རི་ཀའི་འབྱོར་ལྡན་པ་ཚོར་དཔྱ་ཁྲལ་བཅགས་ནས་མི་མང་གི་རྒས་ཕོགས་དང་སྨོན་ཡོན་གཅོག་རྒྱུ། ཨ་མི་རི་ཀའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་གྱི་འདུག་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG