ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ལ་ཁྲིམས་གཅོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་མིང་གྲགས་ཅན་གྱི་དམངས་གཙོ་དོན་གཉེར་བ་ལིའུ་ཧྥེ་ཡེའུ་ལ་དེ་རིང་སྤྱི་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་རྒྱ་ནག་གི་ཧུའུ་པེ་ཞིང་ཆེན། སུ་ཀྲུག་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ལིའུ་ཧྥེ་ཡེའུ་ནི་རྒྱ་ནག་གི་མིང་དུ་གྲགས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་དང་། མི་དམངས་ཀྱི་འཚོ་བར་ལྟ་ཞིབ་ཅེས་པའི་ལས་དོན་གྱི་སྲོལ་འབྱེད་པའང་ཡིན་ཞིང་། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བདུན་གྱི་ཉིན་ལིའུ་ཧྥེ་ཡུའི་ལ་ཁྲིམས་བཤེར་བྱས་ནས་མི་དམངས་ལ་ངན་སྐུལ་བྱ་ཐབས་ཀྱི་གཏམ་བཤད་དང་རྩོམ་ཡིག་སོགས་མང་པོ་སྤེལ་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་ཀྱི་སྙན་གྲགས་ལ་གནོད་པ་བསྐྱལ་ཡོད་པར་མ་ཟད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་ངོ་རྒོལ་དང་མི་མང་ལ་རྒྱལ་ཁབ་ཀྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱ་དགོས་པའི་ངན་སྐུལ་བྱས་འདུག་ཅེས་བཀོད།།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཀྱི་དཀའ་ངལ་མྱོང་མཁན་ཚོའི་སེམས་ལ་ལིའུ་ཧྥེ་ཡེའུ་ནི་རྒྱ་ནག་མི་དམངས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲིད་གཞུང་གིས་ཇི་ལྟར་དོ་ཕོག་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་གསལ་བསྒྲགས་བྱེད་མཁན་ཞིག་དང་། ཁོ་པ་རྒྱ་ནག་གི་རུལ་སུངས་སུ་གྱུར་པའི་སྤྱི་ཚོགས་ལམ་ལུགས་དང་འདྲ་མཉམ་མིན་པའི་སྤྱི་ཚོགས་ཀྱི་གནས་ཚུལ་མང་པོ་ཞིག་ཐེར་འདོན་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་རེད། དེ་རིང་ཁོ་པར་རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མི་དམངས་སྒེར་པ་བཅས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་ལིའུ་ཧྥེ་ཡེའུ་ལ་ཁྲིམས་ཐག་བཅད་པ་ནི་རྒྱ་ནག་གི་ཁྲིམས་ལུགས་ལོག་སྤྱོད་བྱས་ཏེ་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་ཚོར་འཇིགས་སྐུལ་བྱ་རྒྱུའི་ཆེད་དུ་རེད། རྒྱ་གཞུང་གིས་ལིའུ་ཧྥེ་ཡེའུ་ལ་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་ནང་དུ་ཁྲིམས་འགལ་མང་པོ་བྱས་འདུག ཁོ་པ་དུས་ཡུན་རིང་པོར་་ཁྲིམས་རྩོད་པར་ངོ་ཐུག་ཏུ་བཅུག་མེད་ཅིང་། ཁོ་པའི་ཁྲིམས་རྩོད་པར་ཁྲིམས་རྩོད་པའི་ལག་འཁྱེར་བརྩི་མེད་གཏོང་རྒྱུའི་འཇིགས་སྐུལ་བྱས་འདུག་ཅེས་བསྒྲགས། གཞན་ཡང་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཡོད་པའི་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་གིས་འཛིན་བཟུང་བྱས་ཡོད་པའི་ལིའུ་ཧྥེ་ཡེའུ་དང་གསར་འགོད་པ་ཧོང་ཆི་གཉིས་གློད་གྲོལ་འཐོབ་པར་རྒྱལ་སྤྱིའི་སྤྱི་ཚོགས་སྡེ་ཁག་གིས་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་ཞུས ད་དུང་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་བཞི་བའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཆི་དང་ལིའུ་ཧྥེ་ཡེའུ་གཉིས་ཀྱི་མིའི་རང་དབང་བཙན་འཕྲོག་བྱས་པ་ནི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དགུ་པ་དང་བཅུ་པ། བཅུ་དགུ་པ་བཅས་ལ་རྒྱབ་འགལ་སོང་འདུག ཁོ་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དབང་ཆ་བཟུང་བའི་བཟུང་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་དམིགས་བསལ་གྱིས་ཁྲིམས་རྩོད་པ་དང་རང་དབང་གི་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་སོགས་ལ་དྲག་གནོན་དང་འཛིན་བཟུང་། ད་ལྟ་ཁོ་ཚོའི་གྲས་ཀྱི་མི་མང་པོ་ཞིག་བཙོན་ཁང་དུ་བཅུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཧ་ཅང་གི་ཡིད་སྐྱོ་དགོས་པ་ཞིག་ཡིན་རུང་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པའི་ནང་དུ་རྒྱ་གཞུང་གིས་རྒྱ་ནག་རང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་ཡོད་པ་དེར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ནི་འཕེལ་རྒྱས་ཚད་ལྡན་ཞིག་ཕྱིན་མེད། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ནི་རྒྱལ་ཁབ་སོ་སོའི་གནས་སྟངས་དང་མི་དམངས་ཀྱི་དགོས་མཁོ་ལྟར་དར་སྤེལ་གཏོང་དགོས་ཞེས་སོ་སོར་དག་སྐྱེལ་བྱས་ཡོད་པ་རེད།།

XS
SM
MD
LG