ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་དམངས་གཙོའི་དགྲ་བོ་ཡིན་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་འཁོར་འདིར་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་ཌ་ཝྭོ་སི་ས་གནས་སུ་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་འདུ་ཚོགས། ལོ་ན་༨༨་ལ་སོན་པའི་ཨ་མི་རི་ཀའི་འབྱོར་ལྡན་པ་དང་གཏོང་ཕོད་ཅན་འཇོར་ཇཱི་སོ་རོ་སི་ཚོགས་ཆེན་དེར་མཉམ་ཞུགས་བྱས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ནི་འཛམ་གླིང་གི་དམངས་གཙོའི་ཁ་གཏད་པ་གཏེ་དཔོན་ཡིན་པ་དང་རྒྱ་ནག་གིས་མིའི་ངོ་ཐག་ཆོད་པ་དང་མིག་གི་ཚོན་མདོག་ངོས་ཟིན་པ། མི་སོ་སོའི་སྐད་གདངས་དང་གཟུགས་དབྱིབས་སོགས་དབྱེ་གསེས་ཐུབ་པའི་འཕྲུལ་ཆས་བཀོལ་སྤྱོད། འཕྲུལ་ཆས་དེ་དག་ལ་རང་ཆས་སུ་བཟོ་སྒྲིག་བྱས་པའི་བཅོས་སྒྲིག་རྣམ་དཔྱོད་ཡོད་པ་རྣམས་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་ཁག་གིས་འགྲོ་བ་མི་ལ་སྟངས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་འདུག རྒྱ་ནག་འཛམ་གླིང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་དབང་སྒེར་གཅོད་པའི་རྒྱལ་ཁབ་དེ་ཡིན་པར་མ་ཟད། འཕྲུལ་ཆས་ལ་རིག་པ་སློབ་པ་དང་བཅོས་སྒྲིག་རྣམ་དཔྱོད་གསར་བཟོ་བྱེད་མཁན་གྱི་རྒྱལ་ཁབ་སྟོབས་འབྱོར་ཅན་བླ་ན་མེད་པ་ཞིག་ཀྱང་ཡིན། རྒྱ་ནག་གི་སྤྱི་ཚོགས་ཡིད་ཆེས་མ་ལག་ཟེར་པ་ནི་འཇིགས་སྣང་ཅན་དང་སྐྱུག་བྲོ་བ་རེད་ཅེས་བཤད།།

འཇོར་ཇཱི་སོ་རོ་སིས་མུ་མཐུད་དུ་བརྗོད་དོན། རྒྱ་ནག་གིས་གཅིག་གྱུར་གྱི་སྒོ་ནས་སྤྱི་དམངས་སོ་སོས་ཁྲིམས་འགལ་བྱས་ཡོད་མེད་དང་བུ་ལོན་སྒྲུབ་འཇལ་མ་བྱས་པ་ཡོད་མེད། མི་དེས་རྐུ་འཕྲོག་དང་བཙན་གཡེམ། མི་གསོད་ཁྲག་སྦྱོར་བྱས་ཡོད་མེད། མི་སོ་སོའི་ཆབ་སྲིད་ཀྱི་ལྟ་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ། དཔལ་འབྱོར་གྱི་འགྲོ་གྲོན་གཏོང་ཕྱོགས་དང་མི་ལ་འབྲེལ་བ་བྱེད་སྟངས། སྐད་ཆ་བཤད་སྟངས་དང་འཚོ་བ་སྐྱེལ་སྟངས། ཁ་པར་དང་སྐད་འཕྲིན་སོགས་ལ་འདྲ་པར་དང་བརྙན་འཕྲིན། གླུ་གཞས་དང་དཀྲོག་གཏམ་སོགས་འགྲེམ་སྤེལ་བྱེད་ཀྱི་ཡོད་མེད་བཅས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས་ལོ་རྒྱུས་ཉར་ཚགས། མི་དེར་སྤྱི་ཚོགས་དང་སྲིད་གཞུང་གིས་ཡིད་ཆེས་བྱེད་ཆོག་མིན། མི་དེ་སྲིད་གཞུང་ལ་ཉེན་ཀ་ཅན་ཞིག་ཡིན་མིན། རྒྱ་ནག་གཞུང་གིས་སྤྱི་ཚོགས་ཡིད་ཆེས་མ་ལག་ཏུ་བཀོད་པའི་ལོ་རྒྱུས་ལ་གཞི་བཅོལ་ནས་སྐྱེ་བོ་གང་ཞིག་བཟང་ངན་ཅི་ཡིན་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་སྲུང་སྐྱོབ་བྱེད་པར་རྒྱ་ནག་གི་སྤྱི་ཚོགས་ཡིད་ཆེས་མ་ལག་ཟེར་པ་བཀོལ་སྤྱོད་ཚུལ་བཞིན་བྱེད་ཡོད་པས་སྐྱེ་བོ་སྒེར་གྱི་ཐོབ་ཐང་དང་སྒེར་འཚོ་ལ་མཐའ་གཅིག་ཏུ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པ་ནི་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གྱི་འཛུགས་སྐྲུན་ཁག་ཀྱང་རྒྱ་ནག་གི་སྒེར་དོན་སྒྲུབ་པའི་ཆེད་དུ་རེད་ཅེས་ཁ་རྡུང་དྲག་པོ་བཏང་འདུག

ཨ་རིའི་འབྱོར་ལྡན་པ་དང་གཏོང་ཕོད་ཅན་འཇོར་ཇཱི་སོ་རོ་སིས་ཨ་རིའི་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་ཁ་གཏད་གཅོག་དགོས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁེལ་ཡུལ་རྒྱལ་ཁབ་ཁག་ལ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྒྱ་ནག་གི་ཁེ་ཕན་དང་དམིགས་ཡུལ་སྒྲུབ་ཐབས་ཤིག་ཡིན་པ་ལས། འཛུགས་སྐྲུན་བྱ་ཡུལ་གྱི་རྒྱལ་ཁབ་ཁག་ལ་ཕན་ཐོགས་མེད་པ་གསལ་བོ་རེད། དཔེར་ན་སིངྒ་ལ་དང་མ་ལེ་ཤི་ཡ། པ་ཀི་སི་ཐན་གསུམ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ནས་ནམ་ཡང་ཐར་ཐབས་མེད་ཅིང་། རྒྱ་ནག་གིས་སྔོན་ལ་འཛུགས་སྐྲུན་བྱ་རྒྱུ་དང་རྒྱལ་ཁབ་དེ་ཚོས་རིམ་བཞིན་རྒྱ་ནག་ལ་འཛུགས་སྐྲུན་གྱི་བུ་ལོན་འཇལ་དགོས་པའི་གྲོས་མཐུན་ཞིག་བཞག་འདུག རྒྱ་ནག་གིས་རྒྱལ་ཁབ་དེ་ཚོར་དཔལ་འབྱོར་རོགས་རམ་སྤྲད་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཞིག་མིན། རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོར་དངུལ་སྒོར་ལྐོག་མ་བརྫངས་ནས་ལས་གཞི་གཉེར། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁེལ་ཡུལ་གྱི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་ཁེ་ཕན་མེད། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་གི་ཐོན་སྐྱེད་ལའང་ཨ་མི་རི་ཀས་བཀག་སྡོམ་ནན་པོ་བྱ་དགོས། རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་བརྡ་འཕྲིན་བཟོ་ཚོང་ཁང་གིས་ཨ་མི་རི་ཀ་དང་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་འབྱུང་དུ་འཇུག་གི་རེད་ཅེས་ཉེན་བརྡ་བཏང་འདུག

འཇོར་ཇཱི་སོ་རི་སིས་ང་ཚོར་རྒྱ་ནག་ལ་འགྱུར་བ་ཐེབས་ཐུབ་པའི་རེ་བ་འཆང་ས་འབའ་ཞིག་ཡོད་པ་ནི་རྒྱ་ནག་མི་དམངས་ཡིན། རྒྱ་ནག་གི་སྤྱི་ཚོགས་སུ་ཞིས་ཅིན་ཕིང་གི་དབང་སྒྱུར་དང་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་ལ་ངོ་རྒོལ་བྱེད་མཁན་མང་པོ་འདུག ཞིས་ཅིན་ཕིང་སྐྲག་སའང་རྒྱ་ནག་གུ་ཡངས་ཅན་གྱི་སྤྱི་ཚོགས་ཤིག་ལ་འགྱུར་སྲིད་པ་དེ་ཡིན། དེར་བརྟེན་ང་ཚོས་རྒྱ་ནག་མི་དམངས་དང་རྒྱ་ནག་གི་ཚོང་པའི་གྲལ་རིམ། རྒྱ་ནག་གི་ཤེས་ཡོན་ཅན་དང་ཁུང་ཙེའི་སྲོལ་རྒྱུན་གྱི་ལྟ་བ་རྒྱུན་འཁྱོངས་བྱེད་མཁན་ཚོར་རེ་བ་འཆང་དགོས། ད་ལྟའི་ཉེན་ཀ་ཆེ་ཤོས་ནི་སྲིད་དབང་གཅིག་སྡུད་པ་རྣམས་མཉམ་འབྲེལ་བྱས་ནས་མི་དམངས་ལ་གཉའ་གནོན་ཇི་ལྟར་བྱས་ནས་ནུས་པ་ཐོན་ཐུབ་པའི་ཉམས་མྱོང་རྣམས་ཕན་ཚུན་ལ་སྤེལ་རེས་དང་སློབ་རེས་བྱ་སྲིད་པ་དེ་ཡིན། འོ་ན་ང་ཚོས་ཉེན་ཀ་དེ་ལྡོག་ཐབས་ལ་ཅི་ཞིག་བྱ་དགོས་སམ་ཞེས་འདྲི་བ་འདོན་སྲིད། ང་ཚོས་སྔོན་ལ་ཉེན་ཀ་དེ་ངོས་ཟིན་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་ངས་དོ་དགོང་གཏམ་བཤད་བྱེད་ཀྱིན་ཡོད། ང་ཚོས་རྒྱ་ནག་ཁ་གཏད་པ་ཞིག་རེད་ཅེས་བསྒྲགས་པ་ཙམ་གྱིས་མི་ཆོག རྒྱ་ནག་འཛམ་གླིང་གི་འཁྲབ་སྟོན་པ་ནུས་པ་ཅན་ཞིག་རེད། ང་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ནུས་པ་ཅན་ཞིག་གཏན་འབེབས་བྱ་དགོས་ན་རྒྱ་ནག་ཁ་གཏད་པ་ཞིག་རེད་ཅེས་འབོད་ཚིག་བསྒྲགས་པ་ཁོ་ནས་ཕན་ཐོགས་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་གུ་བཤངས་དང་རང་གི་མཐུན་གྲོགས་ཚོ་དགྲར་འཛིན་གྱི་སྲིད་ཇུས་མ་འདྲ་བ་ཞིག་ལག་ལེན་བསྟར་གྱིན་འདུག ཁོང་གི་སྲིད་ཇུས་འདིས་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་མཉམ་འབྲེལ་སྟོབས་ཤུགས་བཅགས་ནས་རྒྱ་ནག་གིས་ཚད་ལས་བརྒལ་བའི་ཁྲིམས་འགལ་བྱེད་ཀྱི་ཡོད་པ་འགོག་མི་ཐུབ། མདོར་ན་གདུག་རྩུབ་ཅན་གྱི་སྲིད་གཞུང་ཁག་གིས་འཕྲུལ་རིག་ལག་རྩལ་སྒེར་སྡོམ་བྱས་ན་སྤྱི་ཚོགས་ལ་དམ་དྲག་དང་གཉའ་གནོན་ཐེབས། གུ་ཡངས་དང་རང་དབང་གི་སྤྱི་ཚོགས་ལ་ཕམ་ཁ་འབྱུང་། མི་རྣམས་བཀག་སྡོམ་བྱེད་པའི་འཕྲུལ་ཆས་རྣམས་སྲིད་དབང་སྒེར་གཅོད་པའི་ལག་ཏུ་ཤོར་ན་ངན་ཕྱོགས་ཀྱི་ནུས་པ་འཐོན་པའི་དགེ་མཚན་ཡོད། གུ་ཡངས་ཀྱི་སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་རྒྱུའི་ཉེན་ཀ་ཡོད་ཅེས་བཤད། འཇོར་ཇཱི་སོ་རོ་སིས་སྐྱོན་བརྗོད་བྱ་ཡུལ་རྒྱ་ནག་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཅིག་པུ་མིན་པ་སྟེ། ཁོང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ཡང་འཛམ་གླིང་གི་དམངས་གཙོའི་དགྲ་བོ་གཏེ་དཔོན་ཞིག་རེད། ཨུ་རུ་སུ་ལ་དམར་ཤོག་གི་ལམ་ལུགས་ཉམས་ཀྱང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་དར་བཞིན་འདུག་ཅེས་ཁ་རྡུང་བཏང་ཡོད་པ་རེད།།

XS
SM
MD
LG