ངོ་འཕྲད་བདེ་བའི་དྲ་འབྲེལ།

ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་ལྔ་འཛིན་བཟུང་།


༄༅།། གཟའ་མཇུག་དེར་རྒྱ་ནག་གི་ཧུ་ནན་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གྱི་ཉེན་རྟོག་པ་ཚོ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་ཚོར་དྲག་གནོན་བྱས་ཏེ་མི་༥་ལ་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་དེ་རྣམས་ཝུ་གུའི་ཅུན་དང་ཀྲང་ཀྲི་རུ། ཧེ་ཡུན་ཁྲེང་དང་ཅན་ཧུའི། སུང་ཅ་ཧུའི་བཅས་ཡིན་ཞིང་། ཅན་ཧུའི་རྒྱ་ནག་གི་ཧུ་ནན་ཞིང་ཆེན་གྱི་ཁྲང་ཧྲ་གྲོང་ཁྱེར་དུ་འཛིན་བཟུང་བྱས་པ་དང་མི་གཞན་པ་༤་ཀོང་ཀྲུག་གྲོང་ཁྱེར་དུ་འཛིན་བཟུང་བྱས་འདུག ད་དུང་རྒྱ་ནག་གི་ཀྭོང་ཤི་ཞིང་ཆེན་གྱི་ནན་ཉིང་གྲོང་ཁྱེར་དུའང་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་ལིན་ཏུང་ཟེར་པ་ཞིག་བཀག་ཉར་བྱས་ནས་གློད་གྲོལ་བཏང་སྟེ། ཁ་སང་གཟའ་ཟླ་བའི་ཉིན་ལིན་ཏུང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཝི་ཏེ་ནམ་ལ་ཕྱིན་པ་རེད་ཅེས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་རུང་གཟའ་མིག་དམར་ཉིན་དོ་བདག་ལ་འབྲེལ་བ་བྱེད་ཐུབ་མེད་པ་རེད།།

ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚུགས་པའི་ལས་རྩོལ་སློབ་གསོ་དང་དྲྭ་ལམ་སྲི་ཞུ་ཁང་སྟེ། ཧོང་ཀོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དང་ལས་རྩོལ་བའི་བདེ་སྡུག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་ལས་རྩོལ་སློབ་གསོ་དང་དྲྭ་ལམ་སྲི་ཞུ་ཁང་གིས་ཀོང་ཀྲུག་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་ཝུ་གུའི་ཅུན་འཛིན་བཟུང་བྱས་པ་ཡིན་ཞེས་ཁོ་པའི་བཟའ་མི་ཚོར་བརྡ་ཐོ་བསྐུར་ཡོད་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གི་ལས་རྩོལ་ཚོགས་པ་ཟེར་པའི་ཧོང་ཀོང་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་ཚོགས་པ་ཞིག་གིས་ཝུ་གུའི་ཅུན་དང་ཀྲང་ཀྲི་རུ་གཉིས་ལ་རྒྱ་ནག་གཞུང་གིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱས་པའི་ནག་ཉེས་འོག་ཏུ་འཛིན་བཟུང་བྱས་པ་ཡིན་ཞེས་བསྒྲགས་ཀྱང་ཅན་ཧུའི་དང་སུང་ཅ་ཧུའི་གཉིས་ལ་ནག་ཉེས་ཅི་ཞིག་བཙུགས་ནས་འཛིན་བཟུང་བྱས་པ་ཡིན་མིན་གསལ་བོ་མི་འདུག་ཅེས་གནས་ཚུལ་སྤེལ། ཀྲང་ཀྲི་རུའི་ཆུང་མ་ཟུར་པ་སྟེ། དེང་སྐབས་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་གནས་སྡོད་བྱེད་ཡོད་པ་ཞའོ་ཧོང་ཞ་ཡིས་རང་ཁྱིམ་ལ་གཟའ་ཉི་མའི་དགོང་མོར་ཉེན་རྟོག་པ་ཚོ་སྐོར་ཞིབ་ཏུ་སླེབས་སོང་། ང་ལ་བུ་ལོ་ན་༨་ལ་སོན་པ་ཞིག་ཡོད་པ་སྐབས་དེར་ཨ་ཕའི་འཁྲིས་སུ་ཡོད། ཁོ་ཚོས་ངའི་བུའི་ཨ་ཕ་འཛིན་བཟུང་བྱས་པའི་རྗེས་སུ་བུ་ངའི་ཁྱིམ་དུ་སྐྱེལ་ནས་སླེབས་བྱུང་། ང་ཚོར་གཞུང་འབྲེལ་གྱི་བརྡ་ཐོ་འབྱོར་པའི་རྗེས་སུ་ང་ཚོས་ཁྲིམས་རྩོད་པ་ཞིག་གླ་རྒྱུ་དང་ཀྲང་ཀྲི་རུ་ལ་ཐུག་འཕྲད་དུ་འགྲོ་འཆར་ཡོད། ང་ཚོས་སྔོན་ལ་ཁོ་པར་ཐུག་འཕྲད་བྱས་ནས་འཆར་གཞི་འདི་ཚོར་བསམ་འཆར་ཡོད་མེད་འདྲི་དགོས་ཀྱིན་འདུག ཁོ་ཚོས་ཀྲང་ཀྲི་རུ་དུས་ཡུན་ཅི་ཙམ་ལ་འཛིན་བཟུང་བྱས་ནས་ཉར་འཇོག་བྱ་རྒྱུ་ཡིན་མིན་ནི་འདྲི་གཅོད་ཀྱི་གྲུབ་འབྲས་ལ་རག་ལས་པ་རེད་ཅེས་བཤད་བྱུང་ཞེས་གསར་འགོད་པ་ཚོར་བཤད་འདུག

རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པའི་ལས་འགུལ་རྟོག་ཞིབ་པ་ཚོས་ལོ་དྲུག་གི་གོང་དེར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་ཚོར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་སོང་། རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་ཚོགས་པའི་འབྲེལ་མཐུད་འགན་འཛིན་ཀོ་རོ་ཐོལ་གྱིས་མི་ལྔ་འཛིན་བཟུང་བྱས་པ་དེ་ཚོར་ནག་ཉེས་ཆེན་པོ་མེད་པར་སྣང་། ཁོ་ཚོས་རྒྱ་ནག་གི་ལས་རྩོལ་བའི་གླ་ཕོགས་དང་ལས་གྲྭ་ཁག་གི་བདེ་འཇགས་ཡར་རྒྱས་གཏོང་དགོས་ཞེས་རྩོད་པ་བརྒྱབ་ནས་ལས་འགུལ་སྤེལ་ཡོད་པར་ཐུག་ཡོད་པ་འདྲ། ན་ནིང་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་ལས་རྩོལ་བས་ངོ་རྒོལ་བྱས་པ་དེར་འབྲེལ་བ་ཡོད་སྲིད་ཅེས་བཤད་པར་མ་ཟད། སྔ་ལོ་ཕྱི་ཟླ་༧་ཚེས་༢༧་ཉིན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཅ་སི་འཕྲུལ་རིག་བཟོ་གྲྭའི་བཟོ་བ་ཚོས་ངོ་རྒོལ་བྱས་ནས་མི་༣༠་ཡས་མས་འཛིན་བཟུང་དང་མི་དེ་ལས་མང་བ་ཞིག་བཀག་ཉར་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཝུ་གུའི་ཅུན་སོགས་ཧྲེན་ཀྲེན་གྱི་ལས་རྩོལ་བའི་ངོ་རྒོལ་ལ་འབྲེལ་བ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྲིད། ཉེ་དུས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་པ་དང་བཟོ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཐུག་པ། ཨ་རི་དང་རྒྱ་ནག་གི་ཚོང་དམག་འདིས་རྒྱ་ནག་གི་བཟོ་གྲྭ་ཁག་ལ་དཀའ་ངལ་འཕྲད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་ཚོར་དྲག་གནོན་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་མཚན་ཞིག་ཤར་འདུག

ཝུ་གུའི་ཅུན་༢༠༡༣་ལོར་ཧྲེན་ཀྲེན་གྲོང་ཁྱེར་དུ་བཟོ་བ་བརྒྱ་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་པར་མཉམ་ཞུགས་བྱས་པར་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་ཐེངས་གསུམ་བྱས་ཤིང་། ཁོ་པར་མི་ཚོགས་བསྡུས་ནས་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་གོ་རིམ་ལ་གཏོར་བརླག་བྱས་པའི་ནག་ཉེས་ཐོག་ཏུ་ལོ་༡་དང་ཟླ་བ་༡་ལ་བཀག་ཉར་བྱས་འདུག སྐུ་ཞབས་ཀོ་རོ་ཐོལ་གྱིས་ཝུ་གུའི་ཅུན་ལ་འཇིགས་སྣང་གཏན་ནས་མེད་པ་དང་རྒྱ་ནག་གི་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་བ་རྣམས་ཉེན་རྟོག་པའི་རྡུང་རྡེག་ལ་རྒྱུས་ཡོད་ཆགས་ཡོད་ཅེས་བཤད། ཀྲང་ཀྲི་རུ་དང་ལིན་ཏུང་གཉིས་ཧྲེང་ཀྲེན་གྲོང་ཁྱེར་གྱི་ཁྲུན་ཧྥེང་ལས་རྩོལ་བའི་རྩོད་གླེང་སྲི་ཞུ་ཁང་གི་ལས་མི་ཡིན་པ་དང་། ཁོ་ཚོས་རྒྱ་ནག་གི་ལས་རྩོལ་བ་ཚོར་རང་གི་ཐོབ་ཐང་ཇི་ལྟར་རྩོད་དགོས་མིན་གྱི་ལམ་སྟོན་བྱས་ནས་༢༠༡༤་ལོའི་ལས་བཤོལ་ངོ་རྒོལ་ཞིག་གི་སྐབས་སུ་ཀྲང་དང་ལིན་གཉིས་བཀག་ཉར་བྱས་ཤིང་། བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ལས་རྩོལ་བའི་ཐོབ་ཐང་དོན་གཉེར་པ་རྣམས་མཉམ་དུ་འཛིན་བཟུང་བྱས་པ་དང་དྲག་གནོན་བྱེད་ཀྱི་ཡོད་པ་འདི་འདྲ་ཞིག་༢༠༡༥་ལོ་ནས་བྱུང་མེད་པ་རེད།།

XS
SM
MD
LG