ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མི་འབོར་འགག་པ།


རྒྱ་ནག་གི་མི་འབོར་འགག་པ།
please wait

No media source currently available

0:00 0:04:12 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྔ་ལོ་རྒྱ་ནག་ལ་མི་འབོར་འཕེལ་རྒྱས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་པ་ནི་༡༩༦༡་ནས་རྒྱ་ནག་ལ་བྱུང་མྱོང་མེད་པའི་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་ཆེས་ཉུང་ཤོས་སུ་གྱུར། རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགགས་པའི་སྟབས་ཀྱིས་ན་གཞོན་ལས་རྩོལ་བའི་གྲངས་འབོར་ཇེ་ཉུང་དང་རྒན་རྒོན་ཇེ་མང་དུ་སོང་སྟེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་སྣོན་མ་ཞིག་འབྱུང་གི་ཡོད་ཅིང་། ༡༩༦༡་ལོར་རྒྱ་ནག་ལ་མུ་གེ་བྱུང་སྟེ་མི་གྲངས་ས་ཡ་༡༡་དང་འབུམ་༩་མ་ཟིན་ཙམ་ཞིག་ལས་སྐྱེས་ཐུབ་མེད་ཀྱང་རྒྱ་ནག་གཞུང་གིས་མི་འབོར་འཕེལ་འགྲིབ་ཀྱི་རྩིས་གྲངས་ཤིག་ཐོ་འགོད་བྱས་ཡོད་པ་ཁུངས་བཙན་ཡིན་མིན་ལ་ཉམས་ཞིབ་པ་ཚོས་དོགས་སློང་བྱེད་ཀྱི་ཡོད་པ་རེད།།

༢༠༡༤་ལོ་ནས་རྒྱ་ནག་གཞུང་གིས་བཟའ་ཚང་རེ་ལ་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ༢༠༡༦་ལོར་རྒྱ་ནག་ལ་མི་འབོར་ས་ཡ་༡༧་དང་འབུམ་༨་ལྷག་འཕེལ་རྒྱས་ཕྱིན་ཀྱང་༢༠༡༨་ལོར་རྒྱ་ནག་གི་མི་འབོར་༢༠༡༦་ལོའི་གྲངས་འབོར་ལྟ་བུ་ཞིག་ཀྱང་འཕེལ་རྒྱས་འགྲོ་ཐུབ་མེད། ༢༠༡༧་ལོར་རྒྱ་ནག་ལ་མི་འབོར་ས་ཡ་༡༧་དང་འབུམ་༢་ལྷག་ལས་འཕེལ་རྒྱས་འགྲོ་ཐུབ་མེད་པར་མ་ཟད། བུད་མེད་ལོ་༡༥་ནས་༤༩་བར་དུ་སོན་པ་རྣམས་ཕྲུ་གུ་སྐྱེ་ཆོག་པའི་དུས་ཚོད་ཡིན་རུང་༢༠༡༧་གཅིག་པུར་རྒྱ་ནག་གི་སྤྱི་ཚོགས་སུ་ཨ་མ་བྱེད་ཆོག་པའི་ལོ་ནར་སོན་པའི་བུད་མེད་ས་ཡ་༤་ཉུང་དུ་སོང་། རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པ་དེའི་ཁོངས་སུ་ལོ་ན་༦༠་ཡན་ཆད་བརྒལ་བའི་མི་གྲངས་བརྒྱ་ཆ་༡༧་དང་གྲངས་ཉུང་༩་ཟིན། རྒྱ་ནག་གི་སྤྱི་ཚོགས་སུ་རྒན་རྒོན་གྱི་མི་གྲངས་ལོ་རེ་བཞིན་ཇེ་མང་དང་ཕྲུ་གུ་གསར་སྐྱེས་ཀྱི་མི་གྲངས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག

ད་ལྟ་རྒྱ་ནག་གི་མི་འབོར་འཕེལ་གྲིབ་ཀྱི་ཁ་ཕྱོགས་ཉི་ཧོང་གི་རྗེས་སུ་འབྲང་གི་ཡོད་པ་སྟེ། ཉི་ཧོང་ལའང་མི་འབོར་འཕེལ་རྒྱས་འགགས་ནས་རྒན་རྒོན་ཇེ་མང་དང་ན་གཞོན་ལས་རྩོལ་བ་ཇེ་ཉུང་དུ་སོང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་འགག་གི་ཡོད། འོན་ཀྱང་ཉི་ཧོང་དང་མ་འདྲ་བར་རྒྱ་ནག་གི་རྒན་རྒོན་ཚོར་དཀའ་ངལ་དེ་ལས་ཆེ། ཅིའི་ཕྱིར་ཞེ་ན་ཉི་ཧོང་གི་རྒན་རྒོན་ཚོས་རྒས་ཕོགས་དང་སྨན་ཡོན་སོགས་ཀྱི་འགྲོ་གྲོན་རྣམས་བསགས་ནས་རྒན་རྒོན་ལ་གྱུར་པ་ཡིན་རུང་རྒྱ་ནག་གི་རྒན་རྒོན་ཚོས་རང་གི་རྒས་ཕོགས་དང་སྨན་ཡོན་སོགས་ཀྱི་འགྲོ་གྲོན་རྣམས་གསོག་མ་ཐུབ་པར་ལོ་ན་རྒས། རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཅི་ཙམ་འགགས་ན་དེ་ཙམ་གྱིས་རྒྱ་ནག་གཞུང་གིས་རྒན་རྒོན་ཚོར་ལྟ་རྟོག་བྱ་དགོས་པའི་རྡོག་ཁྲེས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ལ་འགྱུར་བ་བཏང་ཚེ། རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་པའི་རྩིས་བརྒྱབ་ཀྱང་སྲིད་ཇུས་དེར་དོན་ཕན་ལྡན་པའི་འབྲས་བུ་ཞིག་མ་སྨིན།།

རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པའི་འགག་རྩ་གཙོ་བོ་ནི་ལོ་༣༠་ལྷག་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གི་སྲོལ་རྒྱུན་ལ་ཁྱིམ་ཚང་ཆེན་པོ་དང་བཟའ་མི་མང་པོ་དགོས་པའི་ལྟ་བ་ཞིག་ཡོད་པར་འགྱུར་བ་ཐེབས། ད་ལྟ་རྒྱ་ནག་གི་བཟའ་ཚང་རྣམས་ཁྱིམ་ཚང་ཆུང་ཆུང་དང་བཟའ་མི་ཉུང་ཉུང་། མི་རབས་མང་པོ་ཁྱིམ་ཚང་གཅིག་ལ་འདུས་ནས་འཚོ་བར་རོལ་དགོས་པའི་གོམས་སྲོལ་རྒྱུན་འཛིན་བྱེད་མཁན་ཇེ་ཉུང་། ད་དུང་རྒྱ་ནག་གི་སྤྱི་ཚོགས་སུ་བུ་ཕྲུག་གི་སློབ་ཡོན་དང་གསོ་སྐྱོང་གི་འགྲོ་གྲོན་ཆེ་བ། རྒྱ་ནག་ལ་ཕོ་མོ་དོ་མཉམ་མེད་པ་བཅས་ཀྱིས་མི་འབོར་འཕེལ་རྒྱས་འགགས།།

སྔོན་ཆད་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན། ཝེན་ཀྲུག་གྲོང་ཁྱེར་གྱི་ཡུལ་མི་ཚོས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་འགལ་འཛོལ་བྱས་ནས་ཉེས་ཆད་ལྕི་མོ་ཁུར། གྲོང་ཁྱེར་དེའི་ཡུལ་མི་ཚོས་ཕྲུ་གུ་གཉིས་རེ་སྐྱེ་རུ་བཅུག་པས་གྲོང་ཁྱེར་དེའི་དཔལ་འབྱོར་འཕེལ་རྒྱས་དང་ལས་རྩོལ་བ་མེད་པའི་དཀའ་ངལ་འཕྲད་མྱོང་མེད། ད་ལྟ་ཀྲེ་ཅང་ཞིང་ཆེན་གྱི་ཝེན་ཀྲུག་དང་ཉིང་པའོ་གྲོང་ཁྱེར་གཉིས་ལའང་མི་འབོར་འཕེལ་རྒྱས་འགགས་འདུག

ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཆིང་ཏའོ་གྲོང་ཁྱེར་གཞུང་གིས་མི་འབོར་འཕེལ་རྒྱས་ཆ་བརྒྱ་༢༡་ཉུང་དུ་ཕྱིན་སོང་ཞེས་ཁྱབ་བསྒྲགས། ཆིང་ཏའོ་གྲོང་ཁྱེར་དུ་ཕྲུ་གུ་གཉིས་རེ་སྐྱེ་རུ་འཇུག་མཁན་གྱི་བཟའ་ཚང་ཇེ་ཉུང་ནས་ཇེ་ཉུང་། རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགགས་ས་གྲོང་ཁྱེར་གཅིག་པུ་མིན་པར་གྲོང་གསེབ་ཁག་ལའང་དར་ཁྱབ་འགྲོ་བཞིན་ཡོད་པ་སྟེ། སི་ཁྲོན་ཞིང་ཆེན་གྱི་རི་ཁུག་གཅིག་ཏུ་ཆགས་པའི་ཧུའི་ལི་རྫོང་ལའང་༢༠༡༨་ལོར་མི་འབོར་འཕེལ་རྒྱས་བརྒྱ་ཆ་༡༡་ཉུང་དུ་སོང་འདུག འཛམ་གླིང་དངུལ་ཁང་གིས་ཚོད་རྩིས་བྱས་པ་ལྟར་ན་༢༠༢༧་ལོར་རྒྱ་ནག་གི་མི་འབྱོར་དུང་ཕྱུར་༡༡་བར་དུ་མར་ཆག་རྒྱུ་ཡིན་པས་རྒྱ་ནག་སྔར་བཞིན་ལས་རྩོལ་བའི་གླ་ཕོགས་ཆུང་ཆུང་དང་ངལ་རྩོལ་བའི་མི་འབོར་མང་བ། ཕྱིའི་རྒྱལ་ཁབ་ཁག་གིས་བཟོ་གྲྭ་བཙུགས་ནས་ཚོང་ལས་གཉེར་ས་ཞིག་མིན་པར་འགྱུར་ཏེ་རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG