ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གཞུང་གཉེར་ཁེ་ལས་པ་ཚོར་ཉེན་བརྡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་དང་པོའི་ཚེས་༡༥་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར་ན་རྒྱ་ནག་གཞུང་གིས་རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཁག་ཅིག་གི་མི་སྣ་རྣམས་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གཞུང་དོན་ཕྱོགས་སྐྱོད་དུ་མི་འགྲོ་རྒྱུའི་གཟབ་གལ་ཆེ། གལ་སྲིད་ངེས་པར་དུ་འགྲོ་དགོས་བྱུང་ན་དམིགས་བསལ་གྱི་སྲུང་སྐྱོབ་ཀྱི་མཐུན་རྐྱེན་གྲ་སྒྲིག་བྱས་ནས་འགྲོ་དགོས་པའི་རེ་བ་བཏོན་འདུག

མི་མང་ལ་མདགོས་འདུན་འདི་རྒྱ་ནག་གཞུང་གི་མ་རྩ་དོ་དམ་ལྷན་ཚོགས་ཞེས་པས་བཏོན་ཡོད་ཅིང་། གཞུང་གཉེར་ཁེ་ལས་ཀྱི་མི་སྣ་ཁག་ལས་དོན་ཆེད་དུ་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་དག་ལ་ཕྱོགས་སྐྱོད་བྱེད་ན་བཟོ་ཚོང་ལས་ཁང་དག་གིས་ཆེད་དུ་ཕྱིའི་རྒྱལ་ཁབ་ཏུ་འགྲོ་སྐབས་བེད་སྤྱོད་གཏོང་རྒྱུར་གྲྭ་སྒྲིག་བྱས་ཡོད་པའི་དམིགས་བསལ་གྱི་ལག་འཁྱེར་རྩིས་འཕྲུལ་སོགས་འཁྱེར་དགོས་པའི་ཉེན་བརྡ་བཏང་འདུག་པར་མ་ཟད།་རྒྱ་ནག་གི་གཞུང་གཉེར་ཁེ་ལས་མི་སྣ་ཁག་གིས་ངེས་པར་དུ་དོགས་ཟོན་བྱ་དགོས་པའི་རྒྱལ་ཁབ་ཁག་གི་གྲས་སུ་ཨ་རི་གཙོ་བོར་གྱུར་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་དབྱིན་ཇི་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ། ནེའུ་ཟི་ལན་ཌི་བཅས་ཡོད་པ་རེད།།

ན་ནིང་སྤྱི་ཟླ་༡༢་ཚེས་༡་ཉིན་ཁེ་ན་ཌའི་གཞུང་གིས་ཨ་རིའི་རེ་སྐུལ་ལྟར་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་་ཀྲུག་འཛིན་བཟུང་བྱས་པས་རྒྱ་ནག་གཞུང་གིས་ཀྱང་ཁེ་ན་ཌར་ལན་པ་སློག་ནས་ཟླ་སྔོན་མར་རྒྱ་གཞུང་གིས་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཞིག་དང་ཚོང་པ་ཞིག་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཡོད་པའི་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་ཤིང་། ད་དུང་ཡང་ཁེ་ན་ཌའི་སྤྱི་དམངས་དེ་རྣམས་རྒྱ་ནག་གིས་གློད་གྲོལ་བཏང་མེད། ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༡༡་ཉིན་ཁ་ན་ཌའི་སྲིད་བློན་གྱིས་རྒྱ་ནག་ལ་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་མད་ཁོ་ཀོབ་རེ་ཌི་གྷི་འཛིན་བཟུང་བྱས་པ་ནི་རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣའི་ཁེ་དབང་ལ་བརྩི་འཇོག་མ་བྱས་པ་ཞིག་རེད་ཅེས་རྒྱ་གཞུང་ལ་ཐད་ཀར་སྐྱོན་བརྗོད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་ཆེ་རུ་ཕྱིན་པར་མ་ཟད། ཨ་རིའི་ཕོ་བྲང་དཀར་པོས་ཀྱང་ཁེ་ན་ཌའི་སྤྱི་དམངས་གཉིས་འཛིན་བཟུང་བྱས་ཡོད་པ་ནི་ཁྲིམས་འགལ་རེད་ཅེས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་འདུག ད་དུང་ཡུ་རོབ་མཉམ་འབྲེལ་དང་ཨོ་གླིང་རྒྱལ་ཁབ། དབྱིན་ཇི་བཅས་ཀྱིས་ཀྱང་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།།

ཨ་རིའི་རེ་སྐུལ་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོི་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་འཛིན་བཟུང་བྱས་དགོས་དོན་ནི་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨི་རན་གཙོས་རྒྱལ་ཁབ་རེ་ཟུང་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་དོགས་གཞི་བྱུང་ནས་བཟོ་ཚོང་ཁང་དེའི་འགན་འཛིན་ཨ་མི་རི་ཀས་བཀག་ཉར་བྱེད་དུ་བཅུག་ཡོད་ཅིང་། ཨ་རིས་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་རྒྱལ་སྤྱིའི་སྟེང་གི་བཟོི་ཚོང་ཁང་གང་ཞིག་ཡིན་རུང་ཨ་རིས་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པའི་རྒྱལ་ཁབ་བྱང་ཀོ་རི་ཡ་དང་ཨི་རན་སོགས་ལ་མཉམ་འབྲེལ་བྱས་པ་ཡིན་ན་ཁྲིམས་ལྟར་དེ་ལ་བརྟག་དཔྱད་དང་ཉེས་ཆད་གཅོད་ཀྱི་ཡོད་པའི་འགྲེལ་བཤད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་དེ་ལ་ལན་པ་སློག་སྟེ་ཁེ་ན་ཌའི་མི་སྤྲི་དམངས་གཉིས་འཛིན་བཟུང་བྱས་འདུག

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གཞུང་གིས་དུག་རྫས་ལྐོག་ཚོང་རྒྱག་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པའི་ཁ་ན་ཌའི་སྤྱི་དམངས་ཞ་ལེན་བྷག་ཟེར་པ་ཞིག་ལ་ཏ་ལེན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད། ཁེ་ན་ཌའི་སྲིད་བློན་གྱིས་དེ་མ་ཐག་ཏུ་རྒྱ་ནག་གི་ཁྲིམས་གཅོད་དེ་ཧམ་ཤེད་ཚ་བས་ཞ་ལེན་བྷག་ལ་ཁྲིམས་གཅོད་བྱས་པར་ཁེ་ན་ཌའི་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁེ་ན་ཌའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་གྲོགས་པོ་ཚོས་ཀྱང་དོ་སྣང་བྱེད་ཀྱི་ཡོད་ཅེས་བཤད་འདུག

སྤྱིར་བཏང་རྒྱ་ནག་གཞུང་གིས་དེ་སྔོན་ཞ་ལེན་བྷག་ལ་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་དང་རྒྱ་སྒོར་ཁྲི་བཅོ་ལྔའི་རྒྱུ་ནོར་གཞུང་བཞེས་བཏང་ནས་ཉེས་ཆད་བཅད་ཟིན། ཟླ་བ་སྔོན་མར་ཁེ་ན་ཌའི་གཞུང་གིས་མེན་ཝན་ཀྲུག་འཛིན་བཟུང་བྱས་པ་དེ་ལ་རྒྱ་ནག་གིས་ལན་པ་སློག་རྒྱུའི་ཆེད་དུ་ཁེ་ན་ཌའི་སྤྱི་དམངས་དེར་བསྐྱར་དུ་ཁྲིམས་བཤེར་བྱས་ནས་སྲོག་ཁྲིམས་བཅད་པས་ཁེ་ན་ཌ་དང་རྒྱ་ནག་གི་འགལ་ཟླ་ཇེ་ཆེར་སོང་སྟེ་རྒྱ་ནག་གིས་རང་གི་གཞུང་གཉེར་ཁེ་ལས་ཁག་གི་མི་སྣ་ཚོ་གོང་དུ་མིང་འདོན་བྱས་པའི་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བྱ་རྒྱུ་དེར་ཉེན་ཀ་ཡོད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG