ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གྲོས་ཚོགས་གསར་པའི་ལས་ཁུར་མཛད་སྒོ


དེ་རིང་སྤྱི་ཟླ་དང་པོའི་ཚེས་༣་ཉིན་ཨ་རིའི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ཨ་རིའི་སྐབས་༡༡༦་པའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ཀྱི་ལས་ཁུར་མཛད་སྒོ་ཚོགས་ཡོད་ཅིང་། དེ་རིང་གི་མཛད་སྒོའི་སྟེང་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གསར་པ་རྣམས་རང་གི་ལས་གནས་སུ་ཞུགས་ཀྱི་ཡོད་པ་དང་སྔ་ལོའི་སྤྱི་ཟླ་༡༡་པའི་ནང་དུ་ལོ་གཉིས་རེའི་མཚམས་སུ་ཨ་རིའི་བར་དུས་ཀྱི་འོས་འདེམས་བྱས་ཏེ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་གསར་པ་ཁག་འོས་འདེམས་བྱུང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༡༠༠་ཡོད་པ་དེ་དག་གི་གྲས་སུ་དམངས་གཙོ་ཚོགས་པར་འཐུས་མི་༤༧་དང་སྤྱི་མཐུན་ཚོགས་པར་འཐུས་མི་༥༣་ཐོབ་སྟེ་ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པས་སྔར་བཞིན་འཐུས་མི་གྲངས་མང་གི་གོ་གནས་འཛིན་ཐུབ།།

ཨ་རིའི་གྲོས་ཚོགས་འོག་མར་ཁྱོན་བསྡོམས་འཐུས་མི་༤༣༥་ཡོད་པ་དེའི་གྲས་སུ་ཨ་རིའི་སྤྱི་མཐུན་ཚོགས་པར་འཐུས་མིས་གྲངས་༢༠༠་དང་དམངས་གཙོ་ཚོགས་པར་འཐུས་མིས་གྲངས་༢༣༥་ཐོབ་སྟེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ། དེར་བརྟེན་འདས་པའི་ལོ་གཉིས་ཀྱི་རིང་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌམ་གྱིས་སྲིད་དབང་བཟུང་བའི་རིང་དེར་གྲོས་ཚོགས་གོང་འོག་གཉིས་ཀར་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ་ཀྱང་ད་ནས་ཨ་རིའི་གྲོས་ཚོགས་ཀྱི་དབང་ཤུགས་ལ་འཕོ་འགྱུར་ཐེབས་ཡོད་པ་རེད།།

སྔོན་ཆད་སྲིད་འཛིན་གྱི་ཐག་གཅོད་མང་པོ་ཞིག་ལ་ཨ་རིའི་གྲོས་ཚོགས་སུ་དགག་བྱ་ཆེན་པོ་བྱུང་མེད་ཀྱང་ད་ནས་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་འོག་མའི་ནང་དུ་སྲིད་འཛིན་གྱི་ཕྱི་སྲིད་དང་ནང་སྲིད་སོགས་ཐག་གཅོད་ཕལ་ཆེ་བར་འགོག་རྐྱེན་འབྱུང་སྲིད་པར་མ་ཟད། ད་ལྟའི་བར་དུ་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་གཞི་ཆེ་ཤོས་སུ་གྱུར་པའི་ཨ་རིའི་སྲིད་འཛིན་སྒེར་ངོས་ནས་སྔོན་ཆད་གཞུང་ལ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་ཡོད་མེད། སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རྗེས་སུ་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་གནས་དབྱུང་བྱས་པ། སྲིད་འཛིན་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་འབྲེལ་བ་བཅས་ལ་མུ་མཐུད་དུ་བརྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

གཞན་ཡང་སྔ་ལོའི་འོས་འདེམས་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་མར་བུད་མེད་ཀྱི་འཐུས་མི་༢༥་དང་གྲོས་ཚོགས་འོག་མར་བུད་མེད་ཀྱི་འཐུས་མི་༡༠༢་བཅས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་བུད་མེད་ཀྱི་འཐུས་མི་༡༢༧་འདེམས་ཐོན་བྱུང་ཡོད་པ་ནི་ཨ་རིའི་ལོ་རྒྱུས་སུ་བུད་མེད་ཀྱི་འཐུས་མི་མང་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་ཅིང་། དེ་རིང་ལས་ཁུར་བཞེས་པའི་འཐུས་མི་གསར་པ་ཚོས་ནན་སི་ཕེ་ལོ་སི་སླར་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱས་འདུག ནན་སེ་ཕེ་ལོ་སེས་སྤྱི་ལོ་༢༠༠༧་ནས་༢༠༡༡་བར་དུ་ཨ་རིའི་གྲོས་ཚོགས་ཀྱི་བུད་མེད་ཚོགས་གཙོ་དང་པོ་དེའི་ཐུགས་འགན་བཞེས་པ་ནི་ཨ་རིའི་ལོ་རྒྱུས་སྟེང་དུ་བུད་མེད་ཀྱི་གྲོས་ཚོགས་ཚོགས་གཙོ་ཞིག་བདམས་པ་ཐོག་མ་དེར་གྱུར། གཞན་ཡང་ཐེངས་འདིའི་གྲོས་ཚོགས་འཐུས་མིའི་གྲས་སུ་ཁ་ཆེའི་བུད་མེད་གཉིས་དང་ཨ་རིའི་ཡུལ་བདག་མི་རིགས་ཀྱི་རྒྱུད་པ་བུད་མེད་གཉིས་ཀྱང་འོས་འདེམས་བྱུང་འདུག ནེའུ་ཡོཀ་མངའ་སྡེའི་ཨ་ལིཀ་ཟན་ཌི་རོ་ཨོ་ཁ་ཟིའོ་ཁོར་ཐེ་སི་ནི་ཨ་རིའི་ལོ་རྒྱུས་ཐོག་གི་བུད་མེད་ལོ་ན་གཞོན་ཤོས་ཀྱི་འཐུས་མི་དེ་ཡིན་པ་བཅས་༢༠༡༩་ལོའི་ཨ་རིའི་གྲོས་ཚོགས་འཐུས་མིའི་ངོ་བོ་དེར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་འཐུས་མིའི་ལས་ཁུར་མཛད་སྒོ་ནི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་ཚོ་ཨ་རི་དང་མེཀ་སི་ཀོ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་རྩིག་གྱང་ཞིག་བསླང་དགོས་པའི་འགྲོ་གྲོན་ཐོག་ཏུ་གྲོས་འཆམ་མ་བྱུང་བར་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་ནས་ཉིན་བཅུ་གསུམ་འགྲོ་བཞིན་པའི་སྐབས་དེར་ཁེལ་གྱི་ཡོད་པ་རེད།།

XS
SM
MD
LG