ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་རྡུ་ནེ་ཤི་ཡར་མཚོ་སྐྱོམ་བྱུང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་མཇུག་དེར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡའི་གླིང་ཕྲན་གཉིས་ལ་མཚོ་སྐྱོམ་རྦ་རླབས་འཕྱུར་ནས་མི་༢༨༠་ལྷག་ལ་སྲོག་སྐྱོན་དང་མི་སྟོང་ཕྲག་བརྒལ་བ་ཞིག་ལ་རྨས་སྐྱོན། ད་དུང་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་འཆི་གསོན་ཅི་ཡིན་རྙེད་ཀྱི་མེད་ཅིང་། ཨིན་རྡུ་ནེ་ཤི་ཡའི་སུ་མ་ཏྲ་དང་ཇཱ་ཝྭ་གླིང་ཕྲན་གཉིས་ཀྱི་མཚོ་ཁའི་ཁང་པ་རྣམས་རྦ་རླབས་ཀྱིས་བསྣུབས་ནས་གཏོར་བཤིག་ཚབས་ཆེན་ཐེབས་ཀྱང་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་མཚོ་ཁའི་མི་དམངས་ལ་སླར་ཡང་མེ་རི་འཕྱུར་ནས་མཚོ་སྐྱོམ་འབྱུང་རྒྱུའི་ཉེན་ཀ་འདུག་ཅེས་ཉེན་བརྡ་བཏང་སྟེ། ཁ་སྔོན་གཟའ་མཇུག་ནས་ཨིན་རྡུ་ནེ་ཤི་ཡའི་ཛ་དྲག་ཉེན་སྐྱོབ་པ་ཚོ་ཁང་པ་ཞིག་རོ་དང་ཤིང་ཆ། གྱང་རོའི་འོག་ཏུ་མི་གསོན་པོ་ལུས་ཡོད་མེད་འཚོལ་ཞིབ་ལ་བྲེལ། ད་དུང་མཚོ་ཁའི་མི་མང་སྟོང་ཕྲག་མང་པོ་རི་མཐོ་སར་ཉེན་གཡོལ་ལ་འགྲོ་དགོས་ཞེས་སྲིད་གཞུང་གིས་བཀའ་བཏང་འདུག

མཚོ་རླབས་འཕྱུར་ས་ལྟེ་བ་ནི་ཨིན་རྡུ་ནེ་ཤི་ཡའི་གླིང་ཕྲན་སུ་མ་ཏྲའི་ལྷོ་ཕྱོགས་དང་ཇཱ་ཝྭ་གླིང་ཕྲན་གྱི་ནུབ་ཕྱོགས་ཡིན་ཞིང་། གླིང་ཕྲན་དེ་དག་ས་ཆ་སྐྱིད་པོ་དང་གཙང་མ། རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་འདུ་ས་ཞིག་དང་ཨིན་རྡུ་ནེ་ཤི་ཡའི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་ས་ཡག་པོ་ཞིག་ཡིན། གཟའ་མཇུག་དེར་ཨིན་རྡུ་ནེ་ཤི་ཡའི་གླིང་ཕྲན་དེ་དག་ལ་མཚོ་སྐྱོམ་འབྱུང་རྒྱུ་ཡིན་པ་སྔོན་དཔག་ཐུབ་མེད་པར་མི་རྣམས་ཡ་མཚན་གྱི་གནས་སུ་གྱུར། ས་གནས་མི་མང་དང་ཉམས་ཞིབ་པ་མང་པོ་ཞིག་གིས་ཨིན་རྡུ་ནེ་ཤི་ཡའི་གཞུང་ལ་ས་འགུལ་དང་མཚོ་སྐྱོམ་སྔོན་དཔག་བྱེད་ཐུབ་པའམ། ཡང་ན་མི་མང་ལ་དུས་ཐོག་ཏུ་སྔོན་བརྡ་གཏོང་ཐུབ་པའི་ཚན་རིག་ལག་རྩལ་ཡོད་མེད་དོགས་འདྲི་བྱེད་ཀྱི་ཡོད་ཅིང་། ཨིན་རྡུ་ནེ་ཤི་ཡའི་མེ་རུ་འཕྱུར་ས་གླིང་ཕྲན་གཙོ་བོ་ཨ་ནཀ་ཀ་ར་ཀ་ཏོ་ཟེར་པ་ནི་༡༨༨༣་ལོར་རྒྱ་མཚོའི་ཞབས་ནས་མེ་རུ་འཕྱུར། ༡༩༢༨་ལོར་མཚོ་ནང་ནས་རིམ་བཞིན་རི་ཞིག་སྐྱེས་ས་དེ་ལ་ཕྲུ་གུའམ། ཡང་ན་ཨིན་རྡུ་ནེ་ཤི་ཡའི་སྐད་དུ་ཨ་ནག་ཀ་ར་ཀ་ཏོ་ཞེས་གྲགས། ཐེངས་འདིའི་རྦ་རླབས་ཀྱིས་ཨིན་རྡུ་ནེ་ཤི་ཡའི་མཚོ་ཁའི་ཁང་པ་བརྒྱ་ཕྲག་མང་པོ་བསྣུབས་ནས་དབྱིན་ལེ་བཅུ་ཕྲག་མང་པོར་ཁང་པའི་ཐོག་འཁེབ་ལྕགས་ཤོག་དང་ཤིང་ཆ། ནང་ཆས་དང་ས་རྡོ་སོགས་ཀྱི་གད་སྙིགས་སྤུངས། སྔོན་ཆད་ཤིང་ཁང་ཆུང་ཆུང་ཡིད་དུ་འོང་བ་མང་པོ་ཞིག་ཡོད་པ་རྣམས་ལེབ་ལེབ་ཏུ་གྱུར་པ་དང་ཉལ་ཁྲི་དང་ཅོག་ཙེ། སྣོད་ཆས་དང་ཐབ་ཆས་སོགས་འདམ་ཉོག་གིས་མནན།།

ད་ལྟ་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་དམག་དང་ཉེན་རྟོག་པ་བཏང་ནས་མཚོ་རླབས་འཕྱུར་ཡུལ་ཁག་གི་ས་རྡོའི་ནང་དུ་མི་གསོན་པོ་ལུས་ཡོད་མེད་འཚོལ་ཞིབ་ཀྱི་ལས་སུ་ཞུགས། ཁ་སྔོན་གཟའ་སྤེན་པའི་ཉིན་ས་གནས་ས་ཐོག་ཏུ་མཚོ་རླབས་འཕྱུར་ནས་མཚོ་འགྲམ་གྱི་ཁང་པ་རྣམས་སྣུབ་གྱི་ཡོད་ཀྱང་ཨིན་རྡུ་ནེ་ཤི་ཡའི་ཛ་དྲག་ཉེན་སྐྱོབ་ལྷན་ཁང་གིས་མཚོ་རླབས་འཕྱུར་རྒྱུའི་ཉེན་ཀ་མི་འདུག་ཅེས་བསྒྲགས། ཕྱི་ཟླ་༡༢་ཚེས་༢༤་ཉིན་ཨིན་རྡུ་ནེ་ཤི་ཡའི་ཛ་དྲག་ཉེན་སྐྱོབ་ལྷན་ཁང་གིས་ཁྱབ་བསྒྲགས་ནོར་འཁྲུལ་ཅན་ཞིག་བྱས་པར་མི་དམངས་ལ་བཟོད་གསོལ་ཞུས་ནས་སུ་མ་ཏྲ་དང་ཇཱེ་ཝྭ་གླིང་ཕྲན་གཉིས་ལ་མཚོ་སྐྱོམ་སྔོན་བརྡ་གཏོང་ཐུབ་པའི་འཕྲུལ་ཆས་བཙུགས་མེད་ཅེས་ངོས་ལེན་བྱ་དགོས་བྱུང་འདུག གལ་ཏེ་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་གླིང་ཕྲན་དེ་དག་གི་ཐོག་ཏུ་མཚོ་སྐྱོམ་སྔོན་བརྡ་གཏོང་བའི་འཕྲུལ་ཆས་བཙུགས་ཡོད་པའི་དབང་དུ་བཏང་རུང་ས་ཡོམ་སྔོན་བརྡ་དང་མཚོ་སྐྱོམ་སྔོན་བརྡ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་སྟེ། མཚོ་སྐྱོམ་སྔོན་བརྡ་བཏང་བའི་རྗེས་སུ་འཕྲལ་དུ་རྦ་རླབས་འཕྱུར་ནས་མི་རྣམས་ཉེན་གཡོལ་ལ་བྲོས་བྱོལ་དུ་འགྲོ་བའི་དུས་ཚོད་འདང་ངེས་མེད།།

ད་ཐེངས་ཀྱི་མཚོ་སྐྱོམ་འདི་ནི་དུས་ཡུན་ཟླ་བ་༦་གི་ནང་ཚུད་དུ་ཨིན་རྡུ་ནེ་ཤི་ཡར་རང་བྱུང་ཁམས་ཀྱི་རྐྱེན་ངན་གོད་ཆག་བྱུང་བ་ཐེངས་གསུམ་པ་ཡིན། ཉེ་ཆར་ཕྱི་ཟླ་༧་པ་དང་ཕྱི་ཟླ་༨་གཉིས་ལ་ཨིན་རྡུ་ནེ་ཤི་ཡའི་ལོམ་བྷོཀ་གླིང་ཕྲན་ལ་ས་འགུལ་རྒྱུགས། ཕྱི་ཟླ་༩་ནང་དུ་མཚོ་རླབས་འཕྱུར་ནས་ཁྱོན་བསྡོམས་སྔ་ཕྱི་བར་གསུམ་དུ་མི་༢༢༠༠་ལྷག་ལ་སྲོག་སྐྱོན་ཕོག ༢༠༠༤་ལོར་ཨིན་རྡུ་ནེ་ཤི་ཡར་མཚོ་རླབས་འཕྱུར་ནས་རྒྱ་གར་མཚོའི་ཉེ་འཁོར་གྱི་མི་གྲངས་འབུམ་༢་དང་ཁྲི་ཚོ་༢་ལྷག་ལ་སྲོག་སྐྱོན་བྱུང་བ་དེའི་གྲས་སུ་ཨིན་རྡུ་ནེ་ཤི་ཡའི་མི་གྲངས་འབུམ་༡་དང་ཁྲི་༧་མ་ཟིན་ཙམ་ཞིག་ཚུད། ཐེངས་འདིར་མེ་རི་འཕྱུར་སའི་གླིང་ཕྲན་འདིར་༡༨༨༣་ལོར་མེ་རི་འཕྱུར་ནས་མི་ཁྲི་ཚོ་༣་དང་སྟོང་ཕྲག་༦་ལྷག་ལ་སྲོག་སྐྱོན་བྱུང་ཡོད་པར་མ་ཟད། ས་ཡོམ་དང་མེ་རི་བརྟག་དཔྱད་པ་ཚོས་ཨིན་རྡུ་ནེ་ཤི་ཡའི་ཆགས་ཡུལ་དེ་ཉིད་ཞི་བདེ་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་ས་འགུལ་རྒྱུག་ས་དང་མེ་རི་འཕྱུར་ཡུལ་གཙོ་བོ་ཞིག་ཏུ་ཁེལ་ཡོད་པར་བརྟེན། ཨིན་རྡུ་ནེ་ཤི་ཡར་ས་འགུལ་རྒྱུག་རྒྱུ་དང་མེ་རི་འཕྱུར་རྒྱུ་རྒྱལ་ཁབ་གཞན་ཁག་ལས་མང་བ་འབྱུང་གི་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།།

XS
SM
MD
LG