༄༅།།རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གནངས་ཉིན་ཕྱི་ཚེས་༢༦་ཉིན་ཁྲིམས་ཁང་ལ་འཁྲིད་ནས་ཁྲིམས་བཤེར་བྱ་རྒྱུའི་ཐག་གཅོད་བྱས་འདུག་ཅེས་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་ཆུང་མ་ལི་ཝེན་ཙུས་གསར་འགོད་པ་ཚོར་བསྒྲགས། འདི་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གཞུང་གིས་བཀག་ཉར་བྱས་ནས་ལོ་གསུམ་ཕྱིན་པའི་རྗེས་སུ་ཁྲིམས་ཁང་ལ་འཁྲིད་རྒྱུའི་ཐག་གཅོད་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ༢༠༡༥་ལོའི་ཕྱི་ཟླ་༨་པར་རྒྱ་ནག་གཞུང་གིས་བདུན་པའི་དགུ་སྟེ་༧༠༩་ཡི་རྒོལ་རྡུང་ཞེས་རྒྱ་ནག་གི་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་དྲག་གནོན་གྱི་ལས་འགུལ་ཞིག་སྤེལ་བ་དེར་གོ་དགོས། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་བཀག་ཉར་ཐེབས། ན་ནིང་ཕྱི་ཟླ་༢་པའི་ནང་དུ་རྒྱ་ནག་གཞུང་གིས་ཝང་ཆོན་ཀྲང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་དང་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ཀྱང་ལོ་འདིའི་ཕྱི་ཟླ་༧་པ་བར་དུ་གོ་ཐོས་ཅི་ཡང་མེད་པར་གྱུར།།
ཕྱི་ཟླ་༡༢་ཚེས་༢༤་ཉིན་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་ཆུང་མ་ལི་ཝེན་ཙུས་རང་གི་ཁྱོ་གར་ཁྲིམས་ཁང་གི་ཁྲིམས་བཤེར་བྱ་རྒྱུ་ཡིན་ཞེས་ཚེས་གྲངས་དང་དུས་ཚོད་གཏན་ཁེལ་བྱུང་བའི་བརྡ་ཐོ་འབྱོར་བྱུང་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ་ཡོད་པ་སྟེ། ང་ལ་ད་ལྟ་གོང་དེར་ཁྲིམས་རྩོད་པ་ལིའུ་ཝེ་གོའི་འཕྲིན་ཐུང་ཞིག་འབྱོང་བྱུང་། ཕྱི་ཚེས་༢༦་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨་དང་ཕྱེད་ཀ་ནས་ཁྲིམས་བཤེར་འགོ་ཚུགས་ཀྱི་འདུག ཕྱི་ཟླ་༡༢་ཚེས་༢༦་ནི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་པ་དང་ང་པེ་ཅིང་ལ་ཡོད། ང་ཞོགས་པ་སྔར་པོར་ལངས་དགོས་པ་དང་ཁྲིམས་བཤེར་ལ་ཟུར་ཉན་བྱེད་མཁན་སུ་ཞིག་ཡོང་ནའང་དགའ་བསུ་ཡོད་ཅེས་བཀོད། སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་རྒྱ་ནག་གི་ཧྥེང་རུའི་ཁྲིམས་རྩོད་ཁང་གི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། ཁོ་པས་རྒྱ་ནག་གི་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཚོར་དག་འབུད་དང་གསར་འགོད་པའི་ཐོབ་ཐང་ལ་སྲུང་སྐྱོབ། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོའི་ཆེད་དུ་རྒྱ་ནག་གཞུང་ལ་ཁ་མཆུ་བཙུགས་ནས་ཁྲིམས་གཏུགས་ཀྱི་ཆེད་ལས་གཉེར། བདུན་ཕྲག་སྔོན་མར་ལི་ཝེན་ཙུ་དང་རྒྱབ་སྐྱོར་པ་གསུམ་གྱིས་རྒྱ་ལམ་ནང་དུ་མགོ་སྐྲ་བཞར་ནས་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ཏུ་ཝང་ཆོན་ཀྲང་བཀག་ཉར་བྱས་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ། ལི་ཝེན་ཙུས་ང་ཚོ་མགོ་རིལ་བྱས་ནས་འགྲོ་ཆོག་ཀྱང་རྒྱལ་ཁབ་ལ་ཁྲིམས་ལུགས་མེད་པར་གནས་ཐབས་བྲལ་ཞེས་བཤད། མགོ་སྐྲ་བཞར་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་བུད་མེད་བཞིས་པེ་ཅིང་ཁྲིམས་ཁང་ལ་ཞུ་གཏུག་སྙན་ཞུ་འབུལ་ཐབས་དང་ཁྲིམས་ཁང་གི་ཕྱི་ལོགས་སུ་སྐད་འབོད་བྱས་འདུག
ཝང་ཆོན་ཀྲང་གི་གྱོད་གཞི་དེར་ཧོང་ཀོང་དང་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཆེན་པོ་བྱུང་བར་མ་ཟད། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་གྱི་རིང་དེར་ཝང་ཆོན་ཀྲང་ལ་ཁྲིམས་བཤེར་སོགས་ཅི་ཡང་མ་བྱས་པར་བཟའ་ཟླ་དང་གཉེན་ཚན་སོགས་ཕྱི་ལ་འབྲེལ་བ་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་འདུག རྒྱ་ནག་གཞུང་གིས་འཕྲལ་དུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གློད་གྲོལ་གཏོང་དགོས་ཞེས་གསལ་བསྒྲགས་སྤེལ། ཟླ་སྟོད་འདིར་འཇི་ཎི་ཝྭའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཀྱང་འཛམ་གླིང་ཀུན་ལ་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་བཀྲམ་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་རྒྱབ་སྐྱོར་ཡོད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག