ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་འདོད་མེད་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་གསལ་བསྒྲགས་བྱས་དོན། གལ་སྲིད་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་མ་བྱས་བར་དུ་བྱང་ཀོ་རི་ཡས་ཀྱང་རང་གི་རྡུལ་ཕྲན་མཚོན་ཆ་རྣམས་གཏན་ནས་མེད་པར་བཟོ་མི་སྲིད། ད་ལྟའི་བར་དུ་བྱང་ཀོ་རི་ཡ་རང་གི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་གྲོས་མོལ་ལ་ཞུགས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུའི་རེ་ལྟོས་འཆང་བཞིན་ཡོད། ཡིན་ནའང་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མུ་མཐུད་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་རྣམ་འགྱུར་གང་འདྲ་ཞིག་སྟོན་གྱི་ཡོད་མེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་གནས་ཚུལ་སྤེལ།

ད་ལོའི་མགོ་སྟོད་ནས་བཟུང་སྟེ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ཕྱི་འབྲེལ་ལ་གློ་བུར་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་སྟེ་ཟླ་ཤས་ཀྱི་རིང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐེངས་གསུམ་ལ་ཐུག་འཕྲད་གྲོས་མོལ་བྱུང་ཡོད། ལོ་མཇུག་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་སླར་ཡང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་ཡོད་། ལྷོ་བྱང་ཀོ་རི་ཡ་ཕྱོགས་གཉིས་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ཐད་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཐུན་འགྱུར་དང་རོགས་རམ་བྱས་སོང་ཞེས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཌོ་ནལ་ཊམ་ལ་བཀའ་དྲིན་ཆེ་ཞེས་རྗེས་སུ་ཡི་རངས་ཞུས།།

ད་ལོའི་སྤྱི་ཟླ་༦་པའི་ནང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་བཟུང་། ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་རེ་བ་ཆེན་པོ་ཞིག་བཅངས་ཀྱང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་བྱུང་མེད་ཅིང་། ད་དུང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་དགོས་པའི་གྲོས་མོལ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་གྱི་སེམས་ཁྲལ་གསར་པ་ཞིག་བྱུང་བ་དང་། དཔེར་ན་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་འདིར་གྲུབ་འབྲས་ཐོན་གྱི་མེད་པའི་སྐབས་འདིར་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་བསྟུན་མཁས་བྱ་རྒྱུ་ཐལ་དྲགས་ཀྱི་ཡོད་པ་རེད།།

ད་ལྟའི་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ལོ་མཇུག་འདིར་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་བྱ་རྒྱའི་འཆར་གཞི་དེར་ལམ་ལྷོངས་ལྡན་རྒྱུ་ཡིན་མིན་དོགས་གནས་སུ་གྱུར། བདུན་ཕྲག་སྔོན་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མཐོ་རིམ་མི་སྣ་ཞིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཕལ་ཆེར་ལོ་འདི་མཇུག་མ་བསྒྲིལ་གོང་དུ་ལྷོ་ཀོ་རི་ཡའི་རྒྱལ་སར་འཚམས་འདྲིར་ཕེབས་ཐུབ་རྒྱུ་ཁག་པོ་ཡིན་སྲིད། ཡིན་ནའང་ལྷོ་ཀོ་རི་ཡའི་ངོས་ནས་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡར་དུས་ནམ་ཞིག་འཚམས་འདྲིར་ཕེབས་ཀྱང་གྲ་སྒྲིག་གང་ལེགས་བྱ་ངེས་ཡིན་ཞེས་བཤད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་གྲོལ་མོལ་ནི་སྔར་བཞིན་ཡག་པོ་ཡོད་ཅེས་བཤད་ཀྱང་ཨ་རིའི་མཐོ་རིམ་འགོ་ཁྲིད་མང་དག་ཅིག་ལ་སྲིད་འཛིན་གྱི་གླེང་ཕྱོགས་དེར་དོགས་པ་བྱུང་འདུག ད་ལྟའི་བར་དུ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཀྱང་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུ་དེར་གྲོས་མོལ་བྱེད་བཞིན་པའི་རིང་ལ་རྒྱལ་སྤྱིའི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་མཐའ་དག་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་བཏོན། ཡིན་ནའང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་དམིགས་ཡུལ་མ་གྲུབ་བར་དུ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་རྣམས་ཕྱིར་འཐེན་བྱ་འཆར་མེད་ཅེས་བཤད།།

ཨ་མི་རི་ཀས་ད་དུང་མུ་མཐུད་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་གྲོས་མོལ་བྱེད་པར་ཨ་མི་རི་ཀའི་དམིགས་བསལ་སྐུ་ཚབ་སི་ཊི་ཧྥེན་བྷེ་གྷིན་བདུན་ཕྲག་འདིའི་གཟའ་ཕུར་བུ་ནས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་ཕཱན་མུམ་ཇོམ་ལ་གཟིགས་ཞིབ་ཏུ་བསྐྱོད། ཁོ་པས་མ་འོངས་པར་ཨ་རིའི་ངོས་ནས་ཨ་རིའི་སྤྱི་དམངས་རྣམས་བྱང་ཀོ་རི་ཡར་བསྐྱོད་རྒྱུར་བཀག་འགོག་བྱས་ཡོད་པ་གུ་ཡངས་་གཏོང་རྒྱུའི་བསམ་གཞིག་བྱ་ཆོག་ཅེས་བཤད། དེ་རིང་ཕྱི་ཚེས་༢༠་ཉིན་བྱང་ཀོ་རི་ཡས་སྤེལ་བའི་གསལ་བསྒྲགས་དེས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་ཐུབ་རྒྱུ་ཡིན་མིན་ལ་སྔར་ལས་ལྷག་པའི་དོགས་པ་ཇེ་ཆེར་སོང་ཡོད་པ་རེད།།

XS
SM
MD
LG